ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ་ཚའོ་ཅན་མིང་ནི་ཁ་ར་ཀྭའི་ཙུང་ཐུང་ཨོ་ཨར་ཐེ་ཅ་ཡི་འགན་ཡུན་གསར་པའི་འགན་བཞེས་མཛད་སྒོར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉའམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའོ་ཅན་མིང་གིས་ནི་ཁ་ར་ཀྭའི་རྒྱལ་ས་མ་ན་ཀྭ་རུ་ནི་ཁ་ར་ཀྭའི་ཙུང་ཐུང་ཨོ་ཨར་ཐེ་ཅ་ཡི་འགན་ཡུན་གསར་པའི་འགན་བཞེས་མཛད་སྒོར་ཞུགས་པ་དང་། དེ་ཉིན་མགྲོན་ཁང་དུ་ཆེད་དུ་ཕེབས་པའི་ཙུང་ཐུང་ཨོ་ཨར་ཐེ་ཅ་དང་མཇལ་འཕྲད་གནང་། 

ཚའོ་ཅན་མིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཙུང་ཐུང་ཨོ་ཨར་ཐེ་ཅ་ལ་བརྒྱུད་བསྒྲགས་བྱས། ཚའོ་ཅན་མིང་གིས་བསྟན་དོན། ནི་ཁ་ར་ཀྭ་ཡིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། ཐའེ་ཝན་དང“འབྲེལ་བ་གཅོད་པ”དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་སླར་གསོ་བྱེད་པའི་གདམ་ག་ཡང་དག་བྱས་པར། ཀྲུང་གོས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་སླར་གསོ་བྱུང་ནས་ཟླ་བ་གཅིག་ལྷག་སོང་རིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། ཀྲུང་ནིའི་འབྲེལ་བ་སླར་གསོ་བྱུང་བ་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པའི་གཏན་འབེབས་ཡང་དག་ཅིག་ཡིན་པ་མངོན་ཡོད། ཀྲུང་གོས་ནི་ཁ་ར་ཀྭ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ནི་ཁ་ར་ཀྭ་ཡི་མཛའ་མཐུན་དར་རྒྱས་དང་སྐྱོན་བྲལ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ཨོ་ཨར་ཐེ་ཅ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་བསྐོས་ཕོ་ཉ་མངགས་ནས་འགན་བཞེས་མཛད་སྒོར་ཞུགས་པར་བཀའ་དྲིན་ཞུས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་ཚའོ་ཅན་མིང་ལ་བརྒྱུད་ཞུ་གནང་རོགས་ཞུས། ཨོ་ཨར་ཐེ་ཅ་ཡིས་བསྟན་དོན། ནི་ཁ་ར་ཀྭ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཡི་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་རྒྱུས་རང་བཞིན་གྱིས་དབུལ་རྐྱང་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བདེ་ལེགས་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ནི་ཀྲུང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། ནི་ཁ་ར་ཀྭ་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་མགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་དེའི་ནང་ཞུགས་འདོད་ཡོད། ཀྲུང་གོ་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་ནི་ཀྲུང་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།