ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཁ་པར་བཏང་ནས་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཁ་པར་བཏང་ནས་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན།  ན་ནིང་ནས་བཟུང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་དུས་བབ་ལས་ལྡོག་སྟེ་མདུན་དུ་སྐྱོད་པ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོས་མཐོ་རིམ་གླེང་མོལ་མཉམ་ལས་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་པ་དང་། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། མཚོ་ཐོག་གིའཁོར་ལོ་བཞི་མཉམ་འགུལབཅས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།  ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལམ་བུའི་ཐོག་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བློ་སེམས་གཅིག་མཐུན་བྱུང་ཡོད།  དུས་རབས་ཀྱི་འཕོ་འགྱུར་དང་ལོ་བརྒྱའི་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་ཀྱིས་ཧུར་ཐག་གིས་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས། དམིགས་ཡུལ་འདི་མངོན་འགྱུར་བྱེད་པའི་འགག་རྩ་ནི་བྱ་བ་རེ་རེ་བཞིན་ལེགས་པོ་བསྒྲུབ་དགོས་པ་དེ་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཕྱོགས་གཉིས་པོས་ཐུན་མོང་གིས་རིམས་ནད་སྔོན་འགོག་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་མཉམ་ལས་ཀྱི་མིག་དཔེ་གཏོད་དགོས།   ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་མཉམ་ལས་དང་སྨན་རྫས་ཞིབ་འཇུག་གསར་སྤེལ།  ཧིན་རྡུ་ཉི་ཞི་ཡར་ས་ཁོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་སུ་བསྐྲུན་རྒྱུར་རོགས་རམ་བྱས་ཏེ།  རིམས་ནད་འགོག་པའི་རྨང་གཞིའི་ཐོག་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཡིན།  ཕྱོགས་གཉིས་ཀྱིས་ཐུན་མོང་གིས་འཕེལ་རྒྱས་བཏང་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཚད་ཤིང་འཛུགས་དགོས།  “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་རྗེས་རིམས་ནད་ཀྱི་སྐབས་སུ་མཉམ་ལས་བྱེད་པ་དང་། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་སྤུས་ཚད་མཐོ་པོས་བསྐྲུན་པ། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་ལྡུམ་ར་གཉིས”སོགས་རྣམ་གྲངས་གཙོ་གནད་ལག་བསྟར་ཡག་པོ་བྱེད་པ།  ནུས་རྒྱུ་གསར་པ་དང་ཐཱན་ཉུང་། གཞི་གྲངས་དཔལ་འབྱོར། མཚོ་ཐོག་མཉམ་ལས་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། ཧིན་རྡུ་ཉི་ཞི་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པའི་བྱ་བ་ཞིག་ཡིན་ཚེ་ཀྲུང་གོ་ཕྱོགས་ཀྱིས་དེའི་ནང་ཧུར་ཐག་ཞུགས་ནས་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་།  ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་ན་ནིང་གི་ཀྲུང་གོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྗེས་དྲན་དབུ་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། ས་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད། ད་ལོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་སོ་སོར་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་ནས། ཧུར་ཐག་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱེད་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས།  འཛམ་གླིང་གི་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུང་པ་རེད།

ཙུའོ་ཁོ་ཡིས་བཤད་རྒྱུར།  ངས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བདེ་ལེགས་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འོད་སྟོང་གསར་པ་བསྐྲུན་པར་ཡིད་ཆེས་ཡོད། ན་ནིང་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཇོག་མགྱོགས་མྱུར་ངང་འཕར་བ་དང་།  འཕྲོད་བསྟེན་སྨན་བཅོས་མཉམ་ལས་དང་ལྷག་པར་དུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ལོན་ནས་ཧིན་རྡུ་ཉི་ཞི་ཡའི་རིམས་འགོག་སྨན་ཁབ80%ཀྲུང་གོ་ནས་ཐོན་པ་རེད། ཅ་ཁར་ཐ་ནས་དབན་ལུང་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ངང་མེ་འཁོར་དུས་བཅད་ལྟར་ཤར་གཏོང་ཐུབ་རྒྱུ་རེད།  ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ།  “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་ལྡུམ་ར་གཉིས”འཛུགས་སྐྲུན་བཟང་བོ་བྱས་ནས། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་ཡོང་ནས་མ་འཇོག་བྱེད་པ་དང་། ལག་རྩལ་མཐོ་གྲས་དང་ལྗང་མདོག་ལ་སོགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།  ད་ལོའི་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།