ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལ་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་བཅུ་ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་གསར་པའི་ནང་ཁྱོད་ལ་གློག་འཕྲིན་བཏང་བར་ཧ་ཅང་དགའ་སྤྲོ་སྐྱེས། འདས་མ་ཐག་པའི་ལོ་གཅིག་ནི་ཀྲུང་གོ་དང་ཨུ་རུ་སུ་དཀར་པོ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། ངས་ཐབས་ལམ་གང་མང་སྤྱད་དེ་ཙུང་ཐུང་ཁྱོད་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་ལོ་ཡིན་ལ། འདས་ཟིན་པའི་ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པར་མ་ཟད། ཕྱོགས་གཉིས་ཀའི་བར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་གྲུབ་ཡོད། ཕྱོགས་གཉིས་ཀས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་བར་སྐུལ་འདེད་བརྟན་པོ་བཏང་བ་དང་།  ཕྱོགས་གཉིས་ཀའི་ཉོ་ཚོང་གྲངས་འབོར་དེ་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་ལྡབ་ལྔ་བཅུ་འཕར་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་བཟོ་ལས་གླིང་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སོགས་རྣམ་གྲངས་ཆེ་གྲས་ཁག་གཅིག་དོན་འཁྱོལ་བྱུང་བ་ལས་གཞན། ཚན་རྩལ་དང་སློབ་གསོ། རིག་གནས། ཡུལ་སྐོར། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྣམ་པ་སྔར་ལས་གཏིང་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དཀར་པོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་མུ་མཐུད་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་ཚོང་གཉེར་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ་དང་། གསར་གཏོད་དང་ལྷད་མེད། གཞི་གྲངས་བཅས་ཀྱི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བརྟན་པོའི་ངང་འཁོར་སྐྱོད་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀས་རིམས་འགོག་སྨན་ཁབ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སུ་དཀར་པོས་ཀྱང་དེ་བསྟུན་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ཚོགས་རར་མཉམ་ལས་ནུས་ལྡན་བྱས་པ་དང་། ཕྱོགས་གཉིས་ཀས་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་པ་དེའི་སྟེང་ནས། ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་མཉམ་ལས་ཀྱི་འཐབ་ཇུས་རིན་ཐང་མཚོན་ཡོད། གནས་བབ་གསར་པའི་འོག་ཏུ། ཕྱོགས་གཉིས་ཀས་མུ་མཐུད་དུ་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཨུ་རུ་སུ་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། སྔར་བཞིན་ཨུ་རུ་སུ་དཀར་པོའི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་དམངས་གཙོའི་ལྟ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ལུའུ་ཁ་ཧྲིན་ཁི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ཡང་བསྐྱར་རྟེན་འབྲེལ་ཞུས་ཏེ་འདོད་དོན། ཨུ་རུ་སུ་དཀར་པོའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་བརྩེ་སེམས་བཅངས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སུ་དཀར་པོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དང་དྲང་བདེན་གྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་དུས་བབ་འདི་འདྲའི་འོག་ཏུ། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད། ཨུ་རུ་སུ་དཀར་པོ་ཕྱོགས་ཀྱིས་ད་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་བར་འབད་པ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བཟོ་ལས་གླིང་འཕེལ་རྒྱས་ཡག་པོ་བཏང་སྟེ་རིམས་ནད་འགོག་བཅོས་དང་ཀྲུང་ལུགས་གསོ་རིག་གི་མཉམ་ལས་དང་། དེ་བཞིན་ཉོ་ཚོང་དངུལ་གཏོང་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།  ཨུ་རུ་སུ་དཀར་པོ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་མཉམ་ལས་གྲོགས་པོ་ཡིན། ཀྲུང་གོ་མི་དམངས་ཀྱི་ལུགས་རྙིང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།