ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ས་ཁུལ་ཁག་གཅིག་གི་གཅིག་སྡུད་རང་བཞིན་གྱི་རིམས་ནད་ལ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་ཡོད་ཅིང་ཞི་ཨན་གྱི་རིམས་ནད་མཆེད་སྟངས་ཅུང་ཙམ་ཇེ་ཆུང་དུ་སོང་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་ཟླ་དང་པོའི་ཚེས་བརྒྱད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ་ཡོང་བར་བྱེད་པ་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔའི་བར་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་གསུམ་ལས་བརྒལ་ཡོད་ཅིང་། ཉེ་བའི་གཟའ་འཁོར་གཅིག་གི་རིང་ལ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་ཉིན་རེར་ཆ་སྙོམས་མི་ས་ཡ་གཅིག་དང་འབུམ་དགུ་ཙམ་གྱིས་ཇེ་མང་དུ་སོང་ནས། རིམས་ནད་མཐོ་རླབས་ལས་ལྡབ་གཉིས་ལས་བརྒལ་ཡོད་པར་བརྟེན། རང་རྒྱལ་གྱི་རིམས་ནད་ནང་ནས་མཆེད་པ་འགོག་བཅོས་དང་ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་བྱེད་པའི་གནོན་ཤུགས་སྔར་ལས་ཀྱང་ཇེ་ཆེར་སོང་ཡོད། མིག་སྔར། རང་རྒྱལ་གྱི་རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ས་ཁུལ་ཁག་གཅིག་གི་གཅིག་སྡུད་རང་བཞིན་གྱི་རིམས་ནད་བྱུང་ཚུལ་ལ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་ཡོད། ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་རིམས་ནད་གནས་སྟངས་ཀྱང་ཉེ་ལམ་ནས་བཟུང་ཅུང་ཇེ་ཉུང་དུ་འགྲོ་བཞིན་པའི་རྣམ་པ་མངོན་ཡོད་ལ། སྡེ་ཁུལ་གྱི་ནད་དཔེ་གཙང་སེལ་བྱེད་པའི་རྣམ་པ་བཟང་བོ་མངོན་ཡོད། ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ནང་ནས་བསྐྱར་དུ་འཕར་བར་སྔོན་འགོག་བྱེད་པའི་སྤྱིའི་ཐབས་ཇུས་དང་། འགུལ་རྣམ་གཙང་བཅོས་བྱེད་པའི་སྤྱིའི་བྱེད་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཞིབ་བཤེར་བྱ་དགོས་ངེས་ཀྱི་རིགས་ལ་ཅིས་ཀྱང་ཞིབ་བཤེར་བྱེད་རྒྱུ་དང་སོ་སོར་རིགས་དགར་ནས་ཞིབ་བཤེར་བྱེད་པ། བཅོས་སྐྱོང་བྱ་དགོས་ངེས་ཀྱི་རིགས་ཚང་མར་བཅོས་སྐྱོང་བཅས་ཇི་མ་ཇི་བཞིན་བྱས་ནས། རིམས་ནད་སྤྱི་ཚོགས་ཀྱི་ནང་དུ་མཆེད་པར་བཀག་འགོག་གང་མགྱོགས་བྱེད་དགོས།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མ་འོངས་པར་རིམས་ནད་ཀྱི་འཕེལ་རྒྱས་རྣམ་པ་དང་ལུགས་རྙིང་ལོ་སར་གྱི་ཁྲོམ་རའི་རྒྱུན་མཐུད་རང་བཞིན་ལ་དམིགས་བཙུགས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བ་ཡོད་པའི་ས་ཁོངས་ཀྱི་འཚོ་བའི་དངོས་རྫས་འགན་ལེན་བྱེད་ཚུལ་ལ་དོ་ཁུར་གང་ལེགས་ནས། ས་གནས་ཀྱི་དགོས་མཁོ་དང་གནད་འཁེལ་འབྲེལ་མཐུད་བྱས་ཏེ། འཚོ་བའི་མཁོ་དངོས་ཀྱི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན།

ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཕྱོགས་སོ་སོའི་གནས་ཚུལ་ལ་ཕྱོགས་བསྡུས་སྒོས་བལྟས་ན། ད་ལོའི་ལུགས་རྙིང་ལོ་སར་སྐབས་སུ་འབྲུ་སྣུམ་དང་ཤ སྒོང་ང་། འོ་མ། ཉ་ཤ། སིལ་ཏོག སྔོ་ཚོད་སོགས་མཁོ་འདོན་འདང་ངེས་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་ཆ་ཡོངས་ནས་སྐོང་ཐུབ་ཟེར།

ཚོང་ལས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལུགས་རྙིང་ལོ་སར་མ་ཐོན་པའི་སྔོན་ལ། ས་གནས་སོ་སོའི་ཚོང་ལས་སྡེ་ཁག་གིས་སྡེབ་ཚོང་ཁྲོམ་ར་ཆེ་གྲས་དང་ཡན་ལག་སྒོ་རྩིས་ཚོང་ཁང་སྒྲིག་འཛུགས་གང་ལེགས་བྱས་ཏེ། ཐོན་སྐྱེད་དང་བྲིན་ཚོང་གི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། བརྟག་དཔྱད་གང་ལེགས་བྱས་པ་ལྟར་ན། ས་གནས་ཁག་གི་འཚོ་བའི་མཁོ་ཆས་གསོག་འཇོག་འདང་ངེས་ཡོད་པ་དང་། འཁོར་རྒྱུག་ཁེ་ལས་ཀྱི་དངོས་ཟོག་གྲ་སྒྲིག་བྱེད་ཚད་དུས་རྒྱུན་ལས་བརྒྱ་ཆའི་སུམ་ཅུ་ཙམ་གྱིས་ཉེ་མང་དུ་སོང་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།