ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐོ་མ་སི་པ་ཧི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚེ་ཆི་ཡིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐོ་མ་སི་པ་ཧི་ལ་མཇལ་འཕྲད་གནང་། 

ཚེ་ཆི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་ཚབ་བྱས་ནས། ཀྲུའུ་ཞི་པ་ཧི་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱོགས་གཉིས་ཀྱི་ཚོགས་པས་དཀའ་སྤྱད་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་ཞིང་། ཚང་མར་ལོ་གསར་གྱི་སྨོན་འདུན་ཡང་ཞུས། ཁོང་གིས་བསྟན་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དངོས་སུ་མགོ་ཚུགས་ལ་ཉེ། ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ང་ཚོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱིས་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རིམས་ནད་སོགས་ཀྱི་འགྲན་སློང་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ཏེ། གྲབས་གཉེར་གྱི་ལས་འགན་ཁག་དང་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་ལེགས་པར་གྲུབ་ཡོད། མིག་སྔར། ཨོ་སྨི་ཁེ་རོང་གཞན་འགྱུར་ནད་དུག་གིས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ངེས་མེད་རང་བཞིན་ཆེན་པོ་སྤྲད་ཡོད། ང་ཚོས་ཚོགས་ཞུགས་ཕྱོགས་སོ་སོའི་བདེ་ཐང་དང་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམས་འགོག་ལག་དེབ་པར་ཐེངས་གཉིས་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། པྲོག་གསར་འབྲེལ་གཏུག་དཔོན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཀྲུང་ཕྱིའི་འཕྲོད་བསྟེན་ཆེད་མཁས་པའི་གྲོས་མོལ་ལམ་སྲོལ་བཙུགས་ལ། འགན་གཉེར་གྲོང་ཁྱེར་དང་ཕྱི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྱོན་ཡོངས་ཀྱི་འགྲན་བསྡུར་ཞབས་ཞུའི་འགན་ལེན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་ཡིན། ང་ཚོས་འགྲན་བསྡུར་གྱི་ཉམས་ལེན་ཡག་པོ་མཁོ་འདོན་བྱ་རྒྱུར་གཞོལ་ནས། ཕྱོགས་སོ་སོའི་བདེ་འཇགས་ལ་འགན་ལེན་བྱེད་པའི་ནུས་པ་ལྡན་ཡོད། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་ཁེ་ཕན་འབྲེལ་ཡོད་ཕྱོགས་སོ་སོར་ཁྲིད་སྟོན་བྱེད་རོགས་བྱས་ནས། ཐུན་མོང་ཐོག་བདེ་འཇགས་འགྲན་བསྡུར་གཉེར་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཐའ་ཚད་བསྲུངས་བ། ཐུན་མོང་ཐོག་ཨོ་ལིམ་ཕིག་ལུས་རྩལ་གྱི་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་འགན་གཉེར་ལས་དོན་གྱི“མཐའ་མའི་སྤྱི་ལེ་གཅིག”ཡག་པོར་བསྒྲུབས་ཏེ། འཛམ་གླིང་ལ“སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བའི”ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་ངོམ་ནས་། རྒྱུན་མཐུད་ཐུབ་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་འཇོག་འདོད་ཡོད། 

པ་ཧི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་ཚད་མཐོའི་བསྔགས་བརྗོད་གནང་། ཁོང་གིས་བཤད་རྒྱུར། དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་གྱིས་ཀྲུང་གོའི་ལས་ཕྱོད་དང་གསོན་ཤུགས་ཡང་བསྐྱར་མངོན་ཡོད། བདེ་འཇགས་ནི་འགྲན་བསྡུར་བདེ་བླག་ངང་གཉེར་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་དང་མུ་མཐུད་དུ་ལག་གདང་སྦྲེལ་ནས། ཁེ་ཕན་འབྲེལ་ཡོད་ཀྱི་ཕྱོགས་སོ་སོར་ཁྲིད་སྟོན་བྱས་ཏེ་རིམས་འགོག་ལག་དེབ་པར་ཐེངས་གཉིས་པར་བརྩི་སྲུང་ཞུ་བ་དང་། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་སྔར་བས་ཆེ་བ་ཐོབ་པར་བྱ་རྒྱུ་ཡིན། པེ་ཅིང་ཉིད་ཆེས་ལེགས་པའི་འགན་གཉེར་བྱེད་མཁན་དུ་འགྱུར་བ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱིས་བདེ་འཇགས་དང་བདེ་བླག་ངང་འགྲན་བསྡུར་གཉེར་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།