​2025ལོར་བསླེབ་དུས་ཞིང་སྡེའི་ནུས་ཁུངས་ལྗང་མདོག་ཐཱན་དམའ་བའི་ཚོད་ལྟའི་ས་ཚིགས་སྐོར་ཞིག་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཅས་ཀྱིས་ཉེ་ལམ《ཞིང་སྡེའི་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་གྲོང་གསེབ་དར་སྤེལ་རོགས་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར》(གཤམ་དུབསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། 2025ལོར་བསླེབ་དུས་ཞིང་སྡེའི་ནུས་ཁུངས་ལྗང་མདོག་ཐཱན་དམའ་བའི་ཚོད་ལྟའི་ས་ཚིགས་སྐོར་ཞིག་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་དང་། རླུང་གློག་དང་ཉི་ནུས། སྐྱེ་དངོས་གཤིས་ནུས། ས་འོག་ཚྭ་ནུས་སོགས་ཀྱིས་ཞིང་སྡེའི་ཐུན་ཁུངས་ཟིན་པའི་བསྡུར་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། ནུས་ཁུངས་གསར་བའི་ཐོན་ལས་དེ་ཞིང་སྡེའི་དཔལ་འབྱོར་གྱི་གསབ་ཆ་གཙོ་བོ་དང་ཞིང་བའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་གཙོ་བོ་རུ་གྱུར་ཡོད།

《བསམ་འཆར》ལས་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། ཞིང་སྡེའི་ལྗང་མདོག་ནུས་ཁུངས་ཐོན་ལས་སྐྱེད་སྲིང་བྱེད་པ། ལྗང་མདོག་ཐཱན་དམའ་བའི་ཐོན་སྐྱེད་འཚོ་བའི་བྱེད་སྟངས་མགྱོགས་མྱུར་ངང་ཆགས་པར་བྱེད་པ་སོགས་ཕྱོགས་མང་པོ་ནས་བྱེད་ཐབས་བཏོན་ཡོད། 《བསམ་འཆར》ལས་སྡེ་བ་སྟོང་དང་ཁྱིམ་ཚང་ཁྲི་ཡི་གློག་རང་འདོན་རང་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ཁུངས་ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ལྷག་པར་དུ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱས་ཏེ། རྫོང་ཁོངས་ཚན་པ་རུ་བྱས་ཏེ། ཞིང་ཁྱིམ་གྱི་བེད་མེད་དུ་སྐྱུར་བའི་ས་ཞིང་དང་སྡོད་ཁང་དང་ཁང་ཐོག་བེད་སྤྱད་དེ། ཁྱབ་ཚུལ་རྣམ་པའི་གློག་འདོན་དང་འོད་གློག་གློག་འདོན་འཛུགས་སྐྲུན་བྱས་ནས། བསྡུར་ཚད་ངེས་ཅན་གྱི་གསོག་ནུས་དང་རང་འདོན་རང་སྤྱོད། གློག་ལྷག་མས་དྲ་འཇུག་བྱེད་པ། ཞིང་ཁྱིམ་གྱིས་ཁང་གླ་དང་ཡང་ན་གློག་རིན་ངེས་ཅན་ལེན་རྒྱུ་ཡིན་པ་བཏོན་ཡོད།                                                   

《བསམ་འཆར》ཁྲོད་རིགས་སོ་སོའི་ཚོང་རའི་གཙོ་གཞི་ཡིས་ཁྲིམས་ལྟར་འདྲ་མཉམ་གྱིས་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། གོ་རིམ་ལྡན་པར་སྤྱི་ཚོགས་མ་རྩ་ལ་གློག་བགོས་འཚོང་གི་བྱེད་སྒོ་ཕྱིར་ལོག་བྱས་ནས། གློག་བགོས་འཚོང་དང་གསོག་ནུས། ཕྱོགས་བསྡུས་ནུས་ཁུངས་ཞབས་ཞུ་སོགས་གསར་དར་ཚོང་རའི་གཙོ་གཞི་ཧུར་ཐག་གིས་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།