ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཟླ1པོའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཡིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་བྱས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ཡི་རིང་། ཀྲུང་ཐུའུ་བར་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ནི་ཐུའུ་ཁུའུ་མན་སི་ཐན་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་རྒྱལ་ཁབ་དང་པོ་ཡིན་ལ། ཐུའུ་ཁུའུ་མན་སི་ཐན་གྱིས་ཡུན་རིང་བར་གནས་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཁག་དང་པོ་ཡིན། ཐུའུ་ཁུའུ་མན་སི་ཐན་གྱི་ཆབ་སྲིད་ཡིག་ཆའི་རྣམ་པའི་ཐོག་ནས་གཏན་ཁེལ་བྱས་པའི་འཐབ་ཇུས་རོགས་ཟླ་དང་པོ་ཡིན་ལ། ཐུའུ་ཁུའུ་མན་སི་ཐན་གྱི་རང་བྱུང་སོལ་རླངས་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཀྱང་ཡིན། ཀྲུང་ཐུའུ་བར་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་བ་དོན་གྱི་ཕན་ཐོགས་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔར་རྒྱུན་བཞིན་ཐུའུ་ཁུའུ་མན་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་།  ཐུའུ་ཁུའུ་མན་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་རང་བཙན་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ། ཐུའུ་ཁུའུ་མན་སི་ཐན་གྱིས་ཡུན་རིང་བར་གནས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ངས་ཁྱེད་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཁེ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། 

པེ་ཨར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཡིས་བསྟན་དོན། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཐུའུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཆེས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ། དམིགས་བསལ་གྱི་རིམ་པ་མང་བའི་རོགས་ལས་ལམ་སྲོལ་བཙུགས་ཡོད། ཀྲུང་གོ་བསྟུད་མར་ལོ་མང་པོའི་རིང་ལ་ཐུའུ་ཁུའུ་མན་སི་ཐན་གྱི་ཉོ་ཚོང་རོགས་ཟླ་གཙོ་བོ་ཡིན། དེ་ནི་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་མཚོན་ཚུལ་མངོན་གསལ་ཞིག་ཡིན། ཐུའུ་ཁུའུ་མན་སི་ཐན་གྱིས་ཐུའུ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ཁེ་ཕན་ལ་ལྟ་རྟོག་བྱེད་པ་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་། ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐུའུ་ཀྲུང་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།