ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ཅུའུ་ཀྲང་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་མགོ་བརྩམས་པའི་ལོ་ཡིན་ལ། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད། དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་བཅོས་སྒྲིག་དང་ལེགས་བཅོས་ལས་འགན་ཚང་མ་ལེགས་འགྲུབ་བྱས་ཤིང་། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལས་ཁུངས་དཔུང་ཁག་སྦྲེལ་མཐུད་བརྟན་འཇགས་ངང་བར་བརྒལ་བྱུང་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་སྲ་བརྟན་དང་རྒྱ་བསྐྱེད་བྱུང་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་མགོ་ལེགས་པོ་ཞིག་བརྩམས་ཡོད།
རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ལིའུ་ཧོན་ཞུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚགས་འཛུགས་བྱང་སྒྲིག་གི་དབུལ་ཐར་མི་གྲངས་ལ་བརྟག་བཤེར་ཚད་ལེན་བྱས་པའི་གཞི་གྲངས་ལ་གཞིགས་ན། 2021ལོར་དབུལ་ཐར་མི་གྲངས་ཀྱི་མི་རེའི་ཡོང་འབབ་རྐྱང་བ་ཚོད་དཔག་ལྟར་ན་སྒོར་ཁྲི1.25ལ་སླེབས་ཤིང་། 2020ལོ་ལས་སྒོར1790ཡན་འཕར་ལ། འཕར་ཚད16.5%ཡན་ལ་སླེབས་ཡོད། དབུལ་ཕོངས་ངལ་རྩོལ་པ་མི་ཁྲི3130ལྷག་ཕྱིར་རྩོལ་ལས་ལ་ཕྱིན་ཞིང2020ལོ་ལས3.6%འཕར་ཡོད། ངལ་རྩོལ་ནུས་ཤུགས་ཡོད་པའི་ཡུལ་བསྟུན་དབུལ་སྐྱོར་གནས་སྤོར་ཁྱིམ་ཚང་གིས་ཁྱིམ་ཚང་རེར་མི1ཡན་ལས་ཞུགས་ཐུབ་པ་མངོན་འགྱུར་བྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་སོང་ལ། གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་བྱེད་པའི་བྱ་བར་བརྟན་བརླིང་ངང་སྐུལ་འདེད་ཐོབ། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྦྲེལ་མཐུད་སྲིད་ཇུས33ཚང་མ་ཕྱིར་བཏོན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1561བཏང་ཞིང་། དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར100ཇེ་མང་དུ་སོང་ཡོད། ལོ་ཧྲིལ་བོར་དབུལ་ཐར་མི་གྲངས་ལ་ཡིད་རྟོན་འབོར་ཆུང་དངུལ་བུན་སྒོར་དུང་ཕྱུར650.4བསྐྱིས་པ་དང་། ཁྱིམ་ཚང་ཁྲི155.7གྱི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་འདེགས་བྱས།
ལིའུ་ཧོན་ཞུན་གྱིས་མཚམས་སྦྱོར་བྱེད་རྒྱུར། 2022ལོར་ཚད་མཐའ་སྲུང་བ་དང་འཕེལ་རྒྱས་དམ་འཛིན། དར་སྤེལ་སྐུལ་འདེད་བཅས་ལ་དམ་པོར་དམིགས་ཏེ། བློ་བརྟན་འགྱུར་མེད་སྒོས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་ཚད་མཐའ་སྲུང་སྟེ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་། ཞིང་སྡེ་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ལ་དངོས་གནས་སྐུལ་འདེད་བཏང་ནས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ས་གནས་ཞིང་བའི་ཡོང་འབབ་འཕར་ཚད་ལས་མགྱོགས་པ་དང་། དབུལ་ཐར་ས་ཁུལ་གྱི་ཞིང་བའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་བའི་ཡོང་འབབ་འཕར་ཚད་ལས་མགྱོགས་པར་ཁག་ཐེག་བྱེད་དགོས་ལ། དབུལ་ཐར་མང་ཚོགས་དང་ས་གནས་ཞིང་བའི་ཡོང་འབབ་བསྡུར་ཚད་དང་། དབུལ་ཐར་ས་ཁུལ་གྱི་ཞིང་བ་དང་རྒྱལ་ཡོངས་ཞིང་བའི་ཡོང་འབབ་བསྡུར་ཚད་དེ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་སྐས་རིམ་གསར་བར་བསྙེགས་པ་དང་གྲོང་གསེབ་དར་སྤེལ་ལ་མགོ་གསར་བ་རྩོམ་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་སྲ་བརྟན་དང་རྒྱ་བསྐྱེད་བྱུང་ཡོད་ཞེས་བསྟན་པ།