ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧ་ས་ཁི་སི་ཐན་གྱི་ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་གཉིས་ལ་སོ་སོར་ཀྲུང་ཧའི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཟླ1པོའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ས་ཁི་སི་ཐན་གྱི་ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་གཉིས་ལ་སོ་སོར་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་བའི་ནང་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་། ཀྲུང་ཧ་འབྲེལ་བ་དུས་བསྟུན་ལྷན་བསྐྱོད་དང་གསར་སྤེལ་གསར་སྐྲུན་གྱིས་ནམ་ཡང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཉེ་འབྲེལ་རྒྱལ་ཁབ་བར་གྱི་མཛའ་བརྩེ་མཐུན་སྒྲིལ་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་དུ་གྱུར་ཡོད། ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་ལགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོར་མཛའ་བརྩེའི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཐུན་མོང་སྒོས"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་འཛུགས་སྐྲུན་གཏིང་ཟབ་དུ་གཏོང་བར་བྱས་རྗེས་བླ་མེད་བཞག་པས་ངས་དེར་གདེང་འཇོག་ཚད་མེད་གནང་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་ལགས་ནི་ངའི་གྲོགས་པོ་རྙིང་བ་ཡིན་པ་དང་། ངས་ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་ལགས་དང་ལས་དོན་གྱི་འབྲེལ་བ་དང་བློས་ཐུབ་ཀྱི་མི་སྒེར་བར་གྱི་མཛའ་བརྩེ་བཙུགས་པར་བརྩི་མཐོང་བྱེད་བཞིན་ཡོད་ལ། ཀྲུང་ཧའི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། ཙུང་ཐུང་ཐོག་མ་ན་ཀྲ་ཨར་པ་ཡེ་ཧྥུའུ་ལགས་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཧ་བར་དུ་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བརླིང་ངང་རྒྱུན་སྐྱོང་ཐུབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ཐའོ་ཁ་ཡེ་ཧྥུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་བའི་ནང་བསྟན་དོན། ཀྲུང་ཧ་ཕན་ཚུན་ནི་མཛའ་བརྩེ་ཁྱིམ་མཚེས་ཀྱི་རྒྱལ་ཁབ་དང་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཕྱི་འབྲེལ་བཙུགས་པའི་ལོ་ངོ30རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཆུ་ཚད་མཐོ་བའི་འཁོར་སྐྱོད་སྲུང་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ཡིད་ཆེས་མུ་མཐུད་དུ་གཏིང་ཟབ་དང་རིམ་པ་སོ་སོའི་བརྗེ་རེས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས། ཐུན་མོང་ངང"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་ཕན་འབྲས་ལེགས་པོ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེན་པ་བདེན་ཐུབ་ཀྱི་ཕན་ཐོགས་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔར་ལྟར་ཧ་ས་ཁི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་རོགས་འདེགས་བྱ་རྒྱུ་ཡིན། ངས་ཀྲུང་ཧའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་ཧའི་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བ་སྲ་བརྟན་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་བཏང་ནས་ཀྲུང་ཧའི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ན་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཧ་ས་ཁི་སི་ཐན་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ཁས་བླངས་པའི་ཆེས་ཐོག་མའི་རྒྱལ་ཁབ་གྲས་ཤིག་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། ཧ་ཀྲུང་བར་ཡུན་རིང་ཕྱོགས་ཡོངས་ཀྱི་འཐས་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཧ་ས་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཧ་ཀྲུང་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྔར་ལས་ཆེ་བའི་འཕེལ་རྒྱས་བསྐྲུན་འདོད་ཡོད།

ཐའོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ30རིང་། ཧ་ཀྲུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁབ་བར་ལ་དཔེ་མཚོན་བཙུགས་ནས་ཡོ་རོབ་དང་ཨེ་ཤ་ཡ་ས་ཁུལ་གཏན་འཇགས་དང་དར་རྒྱས་ཡོང་བའི་གལ་ཆེའི་རྒྱུ་རྐྱེན་དུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཤུལ་བཞག་གི་མཐའ་མཚམས་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་ཧ་ཀྲུང་མཛའ་བརྩེ་དང་མཐུན་སྒྲིལ་གྱི་ཟམ་པ་གསར་འཛུགས་བྱ་རྒྱུ་ཡིན་ཞིང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ། ཧ་ཀྲུང་འབྲེལ་བ་འཕེལ་རྒྱས་ཡོང་བར་སྔར་བས་འབད་བརྩོན་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།