འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དངོས་སུ་མགོ་བརྩམས་པ།

མི་དམངས་དྲ་བའི་འཕྲིནསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འབྲི་ཆུའི་རིག་དངོས་དང་འབྲི་ཆུའི་ཤུལ་བཞག་རྒྱུ་རྫས་སྲུང་སྐྱོང་གང་ལེགས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འབྲི་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས། སྲོལ་རྒྱུན་རིག་གནས་དེ་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་སྒོ་ནས་འགྱུར་ལྡོག་བྱུང་བ་དང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཉེ་ལམ་བརྡ་སྦྱོར་སྤེལ་ཏེ། འབྲི་ཆུའི་རིག་གནས་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་དོན་དངོས་དང་བསྟུན་ཏེ་ལག་བསྟར་དོན་འཁྱོལ་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། དེ་ནི་དུས་རབས་གསར་བའི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རིག་གནས་བཟོ་འགོད་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མཛུབ་སྟོན་དང་ཆོག་མཆན་གལ་ཆེན་རབ་དང་རིམ་པ་བཏོན་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་དང་ཡིག་ཆ་གལ་ཆེན་བཏོན་པར་བཀོད་སྒྲིག་བྱས་པར་བརྟེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དམིགས་འབེན་དང་ཁ་ཕྱོགས་གསལ་བོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་སྤྱི་འདོམས་མཛུབ་སྟོན་འོག ས་གནས་སོ་སོས་ཕྱོགས་སོ་སོའི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྕགས་རི་རིང་བོ་དང་མིས་བཟོས་གཙང་བོ་ཆེན་པོ། རྒྱང་སྐྱོད། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སོགས་ལ་གྲུབ་འབྲས་མངོན་གསལ་བླངས། མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་ཤིང་། རྨང་གཞིའི་ལས་གཞི་འཛུགས་སྐྲུན་གལ་ཆེན་སྐོར་ཞིག་མུ་མཐུད་དུ་ལས་མགོ་བརྩམས་ལ། གཙོ་གནད་འཛུགས་སྐྲུན་ཁུལ་སྐོར་ཞིག་དཔེ་སྟོན་གྱི་རྣམ་པས་སྔོན་ལ་ལག་བསྟར་བྱས། ཀྲུང་དབྱང་དང་ས་གནས་ཀྱི་དངུལ་གཏོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། ལམ་རྒྱུད་ཀྱི་རིག་དངོས་དང་རིག་གནས་ཐོན་ཁུངས་ཀྱི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་བཏང་ཞིང་། སྲུང་སྐྱོང་གནས་ཚུལ་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་། འགྲེམ་སྟོན་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ལ། དྲིལ་སྒྲོག་སློབ་གསོའི་བྱེད་ནུས་ཉིན་བཞིན་ཕྱིར་མངོན་ནས། ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་བར་སྟོང་མུ་མཐུད་དུ་རྒྱ་སྐྱེད་པས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་རྒྱ་ཁྱབ་ངང་དར་སྤེལ་བྱུང་།

རྒྱུས་ལོན་པ་ལྟར་ན། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འཛུགས་སྐྲུན་ཁྱབ་ཁོངས་ལ་འབྲི་ཆུའི་གཞུང་ཆུའི་ས་ཁོངས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ས་ཁོངས། ཧྲང་ཧེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཅང་ཞི། ཧུའུ་པེ། ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ཞིང་ལྗོངས་དང་གྲོང་ཁྱེར13ཕྱོགས་བསྡུས་བསམ་གཞིགས་བྱས་ཡོད། རྗེས་མར། རྒྱབ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་མུ་མཐུད་དུ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་བའི་ལམ་ལུགས་སྣེ་ཁྲིད་འཛུགས་སྐྲུན་བྱས་ནས། འཛུགས་སྐྲུན་ལག་བསྟར་ཇུས་གཞི་དང་འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད་བཟོས་ཏེ། འབྲེལ་ཡོད་ཞིང་ཆེན་གྱིས་ཞིང་ཆེན་དགར་ནས་འཆར་འགོད་བཟོ་བ་དང་རྩ་འཛུགས་ནན་མོ་བྱེད་པ། མཐུན་སྦྱོར་སྐུལ་འདེད། གོ་རིམ་ལྡན་པར་ལག་བསྟར་བཅས་ལ་མཛུབ་སྟོན་གནང་སྟེ། རིམ་བཞིན་བཀོད་སྒྲིག་བྱེད་ཚུལ་བབ་དང་མཐུན་པ། ཁྱད་ཆོས་མངོན་གསལ། བྱེད་ནུས་སྦྲེལ་མཐུད། སྒོ་འབྱེད་མཉམ་སྤྱོད་ཀྱི་འཛུགས་སྐྲུན་གནས་སྟངས་ཆགས་ནས། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།