ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞི་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཕ་ཕུའུ་ལི་ཡ་ཟི་སྐུ་གཤེགས་པར་ཞི་ལ་རྒྱལ་ཁབ་ཀྱི་ད་ལྟའི་ཙུང་ཐུང་སཱ་ཁི་ལ་ལུའོ་ཕུའུ་ལུའུ་ལ་ཁ་པར་གྱི་ལམ་ནས་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཞི་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཕ་ཕུའུ་ལི་ཡ་ཟི་སྐུ་གཤེགས་པར་ཞི་ལ་རྒྱལ་ཁབ་ཀྱི་ད་ལྟའི་ཙུང་ཐུང་སཱ་ཁི་ལ་ལུའོ་ཕུའུ་ལུའུ་ལ་ཁ་པར་གྱི་ལམ་ནས་མྱ་ངན་ཞུས་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་མྱ་ངན་ཆེན་པོ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཕ་ཕུའུ་ལི་ཡ་ཟི་ནི་ཞི་ལ་རྒྱལ་ཁབ་ཀྱི་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་དང་འགོ་ཁྲིད་པ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན། ཁོང་གིས་དུས་ཡུན་རིང་པོའི་ནང་དུ། ཀྲུང་གོ་དང་ཞི་ལའི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུར་གཞོལ་ནས། ཕྱོགས་གཉིས་ཀའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་བ་དང་། ཁྱད་པར་དུ་ཉིས་སྟོང་བརྒྱད་ལོའི་པེ་ཅིང་གི་དབྱར་དུས་ཨོ་རྩལ་འགྲན་ཚོགས་དང་ཉིས་སྟོང་ཉེར་གཉིས་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་དང་ཞི་ལའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་ཀྲུང་གོ་དང་ཞི་ལ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ནས། ཙུང་ཐུང་སཱ་ཁི་ལ་ལུའོ་ཕུའུ་ལུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།