ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཏེ་ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་གཏོད་དང་དཀའ་སྤྱད་འབད་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས་ཞེས་པ་བདེན་འཚོལ་དུས་དེབ་སྟེང་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ཏེ། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་གཏོད་དང་དཀའ་སྤྱད་འབད་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས་ཞེས་པ་བཀོད།

གསུང་བཤད་ནང་ནན་གྱིས་བསྟན་དོན། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་འདིར། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་བསྡུས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་བྱ་རྒྱུ་དེ་ནི་གཟབ་ནན་གྱི་ཐབས་ཇུས་ཤིག་ཡིན་ལ། གནད་དེའི་སྟེང་ནས་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐོང་ཆེན་དང་བེད་སྤྱོད་བྱེད་མཁས་བྱས་པའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་མཚོན་པ་དང་། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། སྔ་འཛིན་ཕྱི་གཏོད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མཚོན་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནི་ཏང་གིས་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་འདྲ་བར། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད། དཀའ་སྤྱད་འབད་བརྩོན་བཅས་ཀྱིས་ལས་ཀ་བྱེད་པ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པའི་ནང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་ཡིན།

གསུང་བཤད་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཚུད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བཅས་བྱེད་དགོས།

གསུང་བཤད་ནང་བསྟན་དོན། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རང་རྟོགས་སྒོས་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལས། རང་རེའི་ཏང་གི་ལོ་རྒྱུས་ཀྱི་ཡིད་ཆེས་ཆེན་པོ་མངོན་གསལ་མཚོན་ཡོད་ཅིང་། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ལོ་བརྒྱའི་རིང་གི་ཏང་ཆེན་པོ་ཞིག་གི་རིག་པ་གསལ་བོ་དང་གནད་འཁེལ་འཐུས་ཚང་གི་ཉམས་སྣང་བསྟན་པ་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅིང་། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མེད་པ་བཅས་ལ་ལོ་རྒྱུས་ཀྱིས་རྩོད་མེད་སྒོས་གསལ་བཤད་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་ཡིད་ཆེས་ནི་འབད་འཐབ་ཀྱི་གྲུབ་འབྲས་ལ་ཡིད་ཆེས་བྱས་པ་ཞིག་དང་། འབད་འཐབ་ཀྱི་སྙིང་སྟོབས་ལ་ཡིད་ཆེས་བྱས་པ་ཞིག་ཀྱང་ཡིན།

གསུང་བཤད་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ཀྱི་སྟེང་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་ཅིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་། རྨོངས་འཐོམས་དང་གཡོ་འགུལ་གཏོང་མི་རུང་བ་ར་སྤྲོད་བྱས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་དུ། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་དེ། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་དཔེ་ལྟ་བ་དང་། ཏང་གི་དར་ཆའི་འོག་ཏུ་མཐུན་སྒྲིལ་བྱས་ནས། ངར་ལྕགས་མཁྲེགས་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་ན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གསུང་བཤད་ནང་བསྟན་དོན། འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པའི་འདུ་ཤེས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ང་ཚོའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པར་མ་ཟད། འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་ཐོབ་པར་བྱེད་དགོས། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་དུས་ཡུན་རིང་བོ་ཞིག་ཡིན་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འགྲོགས་ནས་ཡོད་པ་ཞིག་ཡིན། ང་ཚོས་ངེས་པར་དུ་རླབས་ཆེན་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་རང་དབང་ཁོང་དུ་ཆུད་པར་བྱེད་པ།འཐབ་རྩོད་ཀྱི་བློ་སྟོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་གལ་ཆེན་ཐག་གཅོད་བཅས་བྱས་ནས། མདུན་སྐྱོད་ཀྱི་ལམ་བུའི་སྟེང་གནས་པའི་་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཏེ། དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བརྩོན་ལེན་བྱེད་དགོས།

གསུང་བཤད་ནང་བསྟན་དོན། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས། རང་རེའི་ཏང་གི་ལོ་རྒྱུས་རིང་ལ་གཞི་ཁྱོན་ཆེ་བ། སྲིད་དབང་སྐྱོང་ཡུན་རིང་བ་བཅས་ཡིན་པས། ཟང་ཟིང་དང་དར་རྒུད་བཅོས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་ལས་ཇི་ལྟར་བརྒལ་དགོས་པའི་ཐད། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་དོང་ནང་དུ་ལན་ཐོག་མ་བཏབ་ཡོད་ཅིང་། དེ་ནི་མི་དམངས་ལ་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་བཅུག་པ་ཡིན་ན། གཞི་ནས་སྲིད་གཞུང་གིས་ལྷོད་གཡེང་བྱེད་མི་ཕོད་ཅེས་པ་དེ་ཡིན། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ལག་ལེན་གསར་པར་བརྟེན་ནས། རང་རེའི་ཏང་གིས་སླར་ཡང་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་ཞེས་པ་འདི་ཡིན། ང་ཚོའི་ཏང་ལ་རང་བདག་གི་དམིགས་བསལ་ཁེ་ཕན་གང་ཡང་མེད་ལ། གནད་འདི་ནི་ང་ཚོའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་ཀྱི་འབྱུང་ཁུངས་དང་རྟིང་ཤུགས་ཀྱང་ཡིན། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་འདིར། ང་ཚོས་བདེ་སྡོད་ཉེན་བསམ་བྱ་དགོས་པ་དང་། ང་ཚོའི་ལོ་བརྒྱར་ལོན་པའི་ཏང་ཆེན་པོ་འདི་རྒས་མིན་དང་ནད་ཀྱིས་མནར་གྱིན་ཡོད་མེད་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱ་དགོས། རླབས་ཆེན་གྱི་རང་ཉིད་གསར་བརྗེ་ཡིས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ་དང་། རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཡིས་རླབས་ཆེན་གྱི་རང་ངོས་གསར་བརྗེར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ནང་དུ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།