ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་བའི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཁང་ཆེན་མོ་ནས་ལོ་གསར་བའི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ། རྒྱལ་སའི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མི་བཅས་ལྷན་དུ་འཛོམས་ནས་མཉམ་དུ་ཉིས་སྟོང་ཉེར་གཉིས་ལོའི་ལུགས་གསར་ལོ་སར་ལ་བསུ་བ་བྱས། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནངས། ཁོང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ང་ཚོས་མུ་མཐུད་དུ་ལོ་རྒྱུས་རང་འགུལ་སྙིང་སྟོབས་དར་སྤེལ་དང་། གནས་བབ་དང་བསྟུན་ནས་འབད་པས་མདུན་བསྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་ལམ་དུ་ཞུགས་དགོས་པར་མ་ཟད། དེའི་ཆེད་དུ་སྔར་ལས་ལྷག་པའི་དཀའ་སྤྱད་སྡུག་རུས་བྱེད་པར་གྲ་སྒྲིག་བྱེད་དགོས་ཤིང་། གཏན་འཇགས་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་དྲང་བདེན་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག རྒྱལ་དར་དམངས་བདེ་ཡི་སྤྱི་ཚོགས་ཁོར་ཡུག་བཅས་སྲུང་འཛིན་བྱས་ཏེ། དོན་དངོས་བྱ་སྤྱོད་ལས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་སྤེལ་བར་བསུ་བ་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་བཅིངས་འགྲོལ་དམག་དཔུང་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་ཉེན་འགོག་རྒུད་སྐྱོབ་མི་སྣ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་ཕྱི་སྡོད་རང་མིའི་སྤུན་ཟླ། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་པར་མ་ཟད། ཚང་མར་ལོ་གསར་བའི་ནང་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་སྟེང་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་གང་ཡིན་ཡང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུས་པ་དང་། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཐབས་ཇུས་ཐེངས་གསུམ་པར་གྲོས་འཆམ་བྱུང་ཡོད་ལ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ཡོད་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་མོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་ནག་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་བསྙེག་པའི་རྒྱང་བཞུད་གསར་བའི་མགོ་བརྩམས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་རྙོག་འཛིང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ལས་འགན་མདུན་ནས། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འགྱུར་ལྡོག་གནས་བབ་དང་དུས་རབས་ཀྱི་རིམས་ནད་གདོང་གིས་བསུས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མྱུར་མོར་སྟོབས་ལྡན་དུ་གྱུར་བ་དང་། དམངས་འཚོའི་འགན་སྲུང་ནུས་ལྡན་དུ་གྱུར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བསྟུད་མར་ཡར་སྐུལ་བཏང་ཡོད། ཆུ་ལོག་སྔོན་འགོག་དང་གནོད་སྐྱོབ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཤུགས་སྣོན་གང་ལེགས་ཐོབ་ཡོད། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་བསྟུད་མར་སྐུལ་འདེད་བཏང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྲུང་དེ་འཛམ་གླིང་ཡོངས་ཀྱི་སྔོན་གྲས་སུ་ཚུད་པའི་གོ་གནས་སྲུང་འཛིན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་ལེགས་པོར་རྩོམ་པ་མངོན་འགྱུར་བྱུང་། ང་ཚོས་མུ་མཐུད་དུ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གི་བཅོས་བསྒྱུར་ལས་འགན་གཙོ་བོ་ལྔ་བཅུ་དང་བཅོས་བསྒྱུར་ལས་འགན་གཞན་པ་བཅུ་དྲུག་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་རུང་བཅོས་བསྒྱུར་ལས་འགན་བརྒྱ་དང་ལྔ་ཡོངས་འགྲུབ་བྱས་ཡོད་ལ། ཕྱོགས་སོ་སོས་བཅོས་བསྒྱུར་ཇུས་གཞི་ཉིས་བརྒྱ་དང་བཅུ་དྲུག་བཏོན་ནས། ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བའི་སྐབས་སུ་ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དང་གཏན་ཆགས་སུ་འགྱུར་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལོན་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་མཁན་གྱིས་ཨོ་མིན་སྐྱོང་བའི་གཞི་རྩའི་རྩ་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས། ཞང་ཀང་གི་རྙོག་དྲར་བཅོས་སྐྱོང་བྱས་ནས་རྒྱུན་ལྡན་དུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས་པ་དང་། ཨོ་མིན་གྱི་དར་རྒྱས་དང་གཏན་འཇགས་སྲུང་འཛིན་བྱས་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། རང་བཙན་ལ་རྒོལ་བ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་གནས་བབ་ཆེན་མོར་ཤུགས་སྣོན་བྱས་ནས། ཤུགས་ཆེན་པོས་ཕྱི་ཕྱོགས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ང་ཚོས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་དང་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བ། འགོག་སྨན་དེ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ཤིག་ཏུ་འགྱུར་བར་བྱེད་པའི་དམ་བཅའ་ལག་བསྟར་བྱས། ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་རྒྱུན་འཁྱོངས་བྱས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ་བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་། ནན་ཏན་གྱིས་ཀྲུང་གུང་ཏང་གི་ལོ་རྒྱུས་གཙོར་བཟུང་བའི་ལོ་རྒྱུས་བཞིའི་སློབ་གསོ་སྤེལ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་མགོ་ལེགས་པོར་རྩོམ་པ་མངོན་འགྱུར་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གྲོས་དང་དམངས་གཙོའི་ལྟ་རྟོག་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱས་ནས་ལས་འགན་ལག་བསྟར་གྱི་རྣམ་པ་གསར་གཏོད་བྱས་ཐོག ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་ལོ་ངོ་བརྒྱ་དང་བཅུ་འགོར་བའི་རྗེས་དྲན་བྱ་འགུལ་སྤེལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་བཞག་ཡོད། ལོ་གསར་བའི་ནང་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ལ། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་དགོས། ཆེ་ཕྱོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། དམངས་སེམས་དང་དམངས་ཀྱི་འདོད་བློར་བརྟག་ནས་གཅིག་འདུས་ཀྱི་ཐུན་མོང་ལྟ་ཚུལ་འབྱུང་བར་བྱེད་དགོས་ལ། ཧུར་ཐག་སྒོས་ཏང་དང་རྒྱལ་ཁབ་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་བསྟན། 

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། སྟོབས་ཤུགས་མཐུན་སྒྲིལ་ལས་འབྱུང་ཞིང་། བདེ་སྐྱིད་འབད་བརྩོན་ལས་འབྱུང་བ་ཡིན། མཐུན་སྒྲིལ་འབད་འཐབ་ནི་ལོ་ངོ་བརྒྱ་ཕྲག་རིང་ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་བཙོ་སྦྱངས་བྱས་པའི་རྩ་ཆེ་བའི་བསམ་པའི་རྒྱུ་སྤུས་ཡིན་ལ། ང་ཚོས་ཕུགས་བསམ་འདུ་ཤེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་པ། དམངས་སེམས་གཅིག་མཐུན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད་ལ། བློ་སྤོབས་དང་ཡིད་ཆེས་བརྟན་པོ་སྲུང་འཛིན་བྱེད་པ། ཟིལ་ཤུགས་དང་གཟི་མདངས་མངོན་པར་བྱས་ཏེ། ཧུར་ཐག་སྒོས་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་བརྩོན་ལེན་བྱས་ཡོད། 

ཇ་སྟོན་ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མགོ་འཛིན་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་བློ་འདོན་ཇུས་འབུལ་དང་། ཐུན་མོང་ལྟ་ཚུལ་གཅིག་བསྡུས། བློ་སེམས་གཅིག་མཐུན། འབད་འཐབ་བརྩོན་ལེན་བྱས་ནས། མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ཆ་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར། 

རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། དུས་རབས་གསར་བར་རམ་འདེགས་བྱེད་པ་དང་། ལག་རྡང་སྦྲེལ་ནས་རྒྱང་བསྐྱོད་གསར་བ་བྱེད་པ། འཕེལ་རྒྱས་གསར་བར་མཉམ་དུ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་རོལ་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

ཇ་སྟོན་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་བྱ་བ་བྱེད་མཁན་གྱིས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས་ཏེ་ཚོགས་རའི་སྣང་ཚུལ་སྤྲོ་སྐྱིད་ལྡན་པར་བྱས། 

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་སྐོར་ཞིག རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་དང་སྔོན་ཆད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།