ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་མི་དམངས་ལ་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན་པ་དང་། ང་དང་ཙུང་ཐུང་ཕུའུ་ཅིན་གྱིས་མཉམ་དུ་ཆིངས་ཡིག་གི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་བ་ཁྱབ་བསྒྲགས་བྱས་ཏེ། དུས་རབས་མཛའ་མཐུན་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ཡོད། ཕྱོགས་གཉིས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསལ་ནས་ཕྱོགས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྐུལ་འདེད་བཏང་། ཀྲུང་གོ་དང་ཨུ་རུ་སིའི་ཚན་རྩལ་གསར་གཏོད་ལོའི་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཡང་བསྐྱར་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད། ནུས་ཁུངས་དང་མཁའ་འགྲུལ། གཅིག་འབྲེལ་གཅིག་བརྟེན་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་མོར་མྱུར་མོར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་རོགས་ལས་ཟབ་མོ་བྱས་པ་དང་། ངེས་པ་དོན་གྱིས་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་གཏན་སྲུང་སྒོས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཐད་རྩ་ཆེ་བའི་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་འདོན་སྤྲོད་བྱེད་དགོས། ང་རང་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲུབ་འབྲས་ལ་ཧ་ཅང་ཡིད་ཚིམས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ལུས་རྩལ་བརྗེ་རེས་ལོའི་བྱ་འགུལ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་དུས་རབས་མཛའ་མཐུན་གྱི་ལེའུ་གསར་བ་འབྲི་དགོས། ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་མ་ཟད་པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། བདག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཙུང་ཐུང་ཕུའུ་ཅིན་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྣེ་ཁྲིད་བྱེད་པ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་རང་རང་གི་འཕེལ་རྒྱས་དར་རྒྱས་ཐད་རོགས་འདེགས་བྱས་ཏེ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས། 

ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་དང་། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། 

ཕུའུ་ཅིན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནི་ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་བཀོད་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན་པ་དང་། ཆིངས་ཡིག་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཉིས་སྟོང་ཉེར་གཅིག་ལོར། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ལ་ཕན་འབྲས་བཟང་བོ་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱི་རིམ་པ་སོ་སོས་ཆབ་སྲིད་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཡང་བསྐྱར་ཆེས་མཐོའི་ཚད་དུ་བསླེབས་ཡོད། ཚན་རྩལ་གསར་གཏོད་ལོའི་བྱ་འགུལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་ཕན་ནུས་ལྡན་པའི་རོགས་ལས་སྲུང་འཛིན་བྱས་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་འོག ཨུ་རུ་སི་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་སྲིད་པར་ཡིད་ཆེས་ཡོད་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོའི་ལུས་རྩལ་བརྗེ་རེས་ལོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་རེ་སྒུག་བྱས་ཡོད། ཀྲུང་གོའི་གྲོགས་པོ་དག་གིས་པེ་ཅིང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་ཐུབ་པར་ཡིད་ཆེས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ལུས་རྩལ་གྱི་སྟོན་ཚོགས་དེ་མགོ་རྩོམ་པའི་སྐབས་སུ་གྲོས་མོལ་བྱེད་པར་རེ་སྒུག་ཆེན་པོ་བྱས་ཡོད་ཟེར། 

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གཉིས་ཀྱིས་ཕན་ཚུན་ལོ་སར་གྱི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་དྲུག་པ་བདེ་བླག་ངང་སྤེལ་ནས་ཐུན་མོང་ལྟ་ཚུལ་གལ་ཆེན་མང་བོ་བྱུང་ཡོད། བདག་གིས་ཙུང་ལི་མུས་ཧྲུའུ་སི་ཅིང་བར་བྱ་བའི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་ཏེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་བ་གསར་གཏོད་དང་། གྲུབ་འབྲས་གསར་བ་ཐོབ་པར་བྱེད་འདོད་ཡོད་ཅེས་གསུངས། མུས་ཧྲུའུ་སི་ཅིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་དྲུག་པ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པའི་ཐད་བཀོད་སྒྲིག་གསར་བ་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྲུང་འཛིན་བྱེད་པར་རེ་སྒུག་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པེ་ཅིང་གི་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོའི་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བའི་སྨོན་འདུན་ཞུས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།