ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2022ལོའི་ལོ་གསར་ལ་ཕུལ་བའི་ཤིས་ཚིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ཙཱ་ཚན་ཆུང་གིས་བསྒྱུར།   སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གསར་གྱི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འཕྲིན་འབྲེལ་དྲ་བ་བརྒྱུད་དེ2022ལོའི་ལོ་གསར་གྱི་ཤིས་ཚིག་བསྒྲགས་པ་རེད། ནང་དོན་ཆ་ཚང་གཤམ་གསལ་ལྟར།

ཚང་མ་བཀྲ་ཤིས་བདེ་ལེགས། སྤྱི་ལོ2022ལོར་སླེབས་ལ་ཉེ་བའི་སྐབས་འདིར། ངས་པེ་ཅིང་ནས་ཚང་མར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ།

ལོ་འདིར་ཕྱིར་དྲན་ཞིག་བྱས་ན་དོན་སྙིང་ལྡན་པ་ཞིག་རེད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་དངོས་སུ་བསྒྲུབས་ཡོད། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་མགོ་བརྩམས་ཡོད་པས། མགོ་བོ་གཟེངས་སུ་བཏེགས་ནས་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་བགྲོད་ལམ་ཐོག་སྐྱོད་བཞིན་ཡོད།

ལོ་མགོ་ནས་ལོ་མཇུག་བར། ས་ཞིང་དང་ཁེ་ལས། སྡེ་ཁུལ། སློབ་གྲྭ། སྨན་ཁང་། དམག་སྒར། ཚན་རིག་ཞིབ་འཇུག་ཁང་སོགས་ཚང་མ་བྲེལ་འཚུབ་ཀྱིས་ཁེངས་ནས། དཀའ་ལས་བརྒྱབ་ཅིང་ལེགས་སྐྱེས་ཕུལ་ཡོད་ལ། གྲུབ་འབྲས་ཀྱང་ཐོབ་ཡོད། ཆུ་བོ་ལྟར་རྒྱུག་པའི་དུས་ཚོད་ནང་། ང་ཚོས་མཐོང་བ་དང་རྟོག་པའི་ཀྲུང་གོ་ནི་དཀའ་སྤྱད་ཞུམ་མེད་དང་། དར་རྒྱས་ཕུན་སུམ་ཚོགས་པའི་ཀྲུང་གོ་ཞིག་ཡིན། འདིར་གཅེས་ལ་གུས་པར་འོས་པའི་མི་དམངས་ཡོད་པ་མ་ཟད། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། གཅིག་རྒྱུན་གཅིག་གིས་འཛིན་པའི་བྱ་གཞག་ཀྱང་ཡོད།

ཟླ་བདུན་པའི་ཚེས་གཅིག་ཉིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ཀྱི་རྟེན་འབྲེལ་ཞུས་ཡོད། གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ལངས་སྐབས་མྱོང་ཚོར་སྣ་ཚོགས་བྱུང་། ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་ལ་འགྱུར་ལྡོག་ཆེ་ཞིང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་ནས། དཀའ་ཚེགས་ཁྲི་སྟོང་བརྒྱུད་ཀྱང་དཔའ་མི་ཞུམ་པ་དང་། ཉེན་ཁ་སྣ་ཚོགས་བརྒྱུད་ཀྱང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས། ལོ་བརྒྱའི་ཏང་གི་བརྗིད་ཉམས་ལྡན་པའི་རྣམ་པ་བཟང་པོ་བསྐྲུན་ཡོད། ཐོག་མའི་ཕུགས་འདུན་མ་བརྗེད་ན། མཐའ་མར་རྒྱལ་ཁ་ཐོབ་པར་འགྱུར། ང་ཚོས་འབད་འབུངས་ཆེར་སྐྱེད་དང་བརྩོན་འགྲུས་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ལ་ངོ་མི་གནོང་བ་དང་། དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བ་བཅས་བྱེད་ཐུབ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་། ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་པར་གྲོས་འཆམ་བྱུང་ཡོད། ལོ་བརྒྱའི་གྲུབ་འབྲས་ནི་མི་སེམས་ལ་སྐུལ་མ་གཏོང་བ་དང་། ལོ་བརྒྱའི་ཉམས་མྱོང་ནི་མི་ཡི་བློ་སྒོ་འབྱེད་ནུས་པ་ཞིག་རེད། ངས་སྔོན་ཆད་མའོ་ཀྲུའུ་ཞི་དང་སྐུ་ཞབས་ཧོང་ཡན་ཕའེ་ཡི་ས་ཕུག་ནང་གི་གླེང་མོལ་དེའི་སྐོར་བརྗོད་མྱོང་ཡོད། ང་ཚོས་རང་ཉིད་ལ་གསར་བརྗེ་བྱེད་ཕོད་ཚེ་གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་བདག་གིར་འཛིན་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་བོ་ཞིག་གཏན་ནས་མིན་པས། རྔ་རྡུང་དར་འཕྱར་པ་ཙམ་གྱིས་བསྒྲུབ་ཐུབ་པ་ཞིག་མིན་ལ། གེགས་རྐྱེན་མེད་ཅིང་དུས་ཐུང་ནང་མངོན་འགྱུར་ཐུབ་པ་ཞིག་ཀྱང་མིན། ང་ཚོས་དམིགས་པ་རྒྱང་ལ་སྲིང་ནས། བདེ་སྡོད་ཉེན་བསམ་བྱེད་པ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་དང་ངང་རིང་རྒྱུན་འཁྱོངས་བྱེད་དགོས། དེ་ནི་རྒྱ་ཆེན་པོར་བསམ་ཞིང་ཞིབ་ཚགས་པོས་སྒྲུབ་ཅེས་པ་ལྟར་ཡིན།

རྒྱལ་ཁབ་ཆེན་པོ་ལ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཡོད། བྱ་བ་ཆེ་ཆུང་སྣ་ཚོགས་ནི་མཐར་གཏུག་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། ངས་ས་ཁུལ་འགའ་རེར་བརྟག་དཔྱད་བྱེད་སྐབས། གནས་ཚུལ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་ལ། དེ་དག་གིས་ང་ཡི་བློ་སྒོ་ཕྱེ་ཞིང་། ཕན་འབྲས་ཆེན་པོ་ཐོབ། མང་ཚོགས་ཀྱི་ཁྱིམ་དུ་སླེབས་ཐེངས་རེར། ད་དུང་དཀའ་ངལ་ཅི་ཞིག་ཡོད་པའི་སྐོར་དྲིས་པ་ཡིན་ལ། ཡུལ་མི་རྣམས་ཀྱི་སྐད་ཆ་ངས་ཡིད་ལ་དམ་པོར་བཟུང་ཡོད།

དམངས་ཀྱི་སེམས་ཁྲལ་བྱེད་གནས་དེ། ང་ཡིས་ངེས་པར་བསམ་བློ་གཏོང་གཞི་ཡིན། གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་གནས་དེ། ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་བྱ་ཡིན། ང་ཡང་གྲོང་གསེབ་ནས་ཡོང་བ་ཡིན་པས། དབུལ་ཕོངས་ལ་རྒྱུས་ལོན་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་དབུལ་ཕོངས་ཀྱི་མི་རྣམས་ད་ལྟ་ཟས་ཀྱིས་ལྟོ་བ་རྒྱགས་པ་དང་གོས་ཀྱིས་ལུས་དྲོ་བ། སློབ་གྲྭར་འགྲོ་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། སྨན་བཅོས་འགན་བཅོལ་ཡོད་པ་བཅས་སུ་གྱུར་ཡོད། ཁྱོན་ཡོངས་འབྱོར་འབྲིང་དུ་འགྱུར་བ་བྱེད་པ་དང་། དབུལ་ཕོངས་ལས་ཐར་བར་བྱེད་པ་ནི་ང་ཚོའི་ཏང་གིས་མི་དམངས་ལ་ཁས་ལེན་བྱས་པའི་ཁ་ཆད་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཞིག་ཀྱང་ཡིན། ཚང་མས་སྔར་ལས་ལེགས་པའི་འཚོ་བ་སྐྱིད་པོ་རོལ་ཐུབ་པར། མིག་སྔའི་གྲུབ་འབྲས་ལ་ཡིད་ཚིམ་ནས་མི་འདུག་པར། ད་དུང་ལམ་ཐག་རིང་པོ་བརྒྱུད་དགོས།

རྨ་ཆུ་དུས་བདེ་ཞོད་འཇགས་ཡོང་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་གི་ལོ་ངོ་སྟོང་གི་རེ་སྒུག་ཡིན། ཉེ་བའི་ལོ་ཤས་ནང་ང་རང་རྨ་ཆུའི་སྟོད་རྒྱུད་དང་དབུས་རྒྱུད། སྨད་རྒྱུད་བཅས་ཀྱི་ཞིང་ལྗོངས་དགུ་ལ་ཕྱིན་པ་ཡིན། མ་ཡུམ་ཆུ་བོ་རྨ་ཆུ་དང་འབྲི་ཆུ་ཡིན་ནའང་འདྲ། ཡང་ན་དྭངས་ཤིང་གཙང་བའི་མཚོ་སྔོན་པོ་དང་། རླབས་ཕྲེང་འཕྱུར་བའི་ཡར་ཀླུང་གཙང་པོ་ཡིན་ནའང་འདྲ། ལྷོ་ཆུ་བྱང་འདྲེན་གྱི་དུས་རབས་ཀྱི་ལས་གཞི་དང་། ཡང་ན་སའེ་ཧན་པ་ནགས་རའི་ལྗང་མདོག་གི་ས་ཁྲ་ཡིན་ནའང་འདྲ། ཡུན་ནན་གྱི་གླང་ཆེན་བྱང་བགྲོད་ལྷོ་ལོག་དང་། ཡང་ན་རི་དྭགས་གཙོད་ཀྱི་རྒྱུད་སྤེལ་གྱིས་གནས་སྤོར་བྱེད་པ་ཡིན་ནའང་འདྲ། དེ་དག་ཚང་མས་མི་ཡིས་འབྱུང་ཁམས་ལ་གནོད་མ་བསྐྱལ་ན། འབྱུང་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ་བའི་གནས་ལུགས་མཚོན་བཞིན་ཡོད།

ལོ་འདིར། ད་དུང་བརྗེད་དཀའ་བའི་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་སྐད་ཅིག་མ། ཀྲུང་གོའི་གཏམ་རྒྱུད་བཅས་མང་དུ་ཡོད། ཏང་གི་ཐུགས་བདེ་བར་བཞུགས། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་མཁན་ང་ཡོད་ཅེས་པའི་ལང་ཚོའི་དམ་བཅའ་དང་། དྭངས་ཤིང་གཙང་བའི་བརྩེ་བ། ཀྲུང་གོ་ཁོ་ནའི་ཆེད་དུ་ཡིན་ཞེས་པའི་བརྩེ་བ་ཟབ་མོའི་གསལ་བསྒྲགས། ཀྲུའུ་རུང་རྟགས་ཅན་གྱིས་རྒྱུ་སྐར་མིག་དམར་འཚོལ་ཞིབ་བྱེད་པ་དང་། ཞི་ཧོ་རྟགས་ཅན་གྱིས་ཉི་མའི་ཁྱིམ་རྒྱུད་འཚོལ་ཞིབ་བྱེད་པ། ཐན་ཧོ་རྟགས་ཅན་གྱིས་རྒྱུ་སྐར་གྱི་ལམ་འགྲིམ་པ། ལུས་རྩལ་པས་ངར་ཤུགས་ལྡན་པའི་ཐོག་ནས་ཨང་དང་པོ་བརྩོན་ལེན་བྱེད་པའི་བློ་སྟོབས། རྒྱལ་ཡོངས་གོང་འོག་ཚང་མས་རིམས་ནད་འགོག་སྡོམ་ནུས་ལྡན་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་དམག་དཔུང་སྟོབས་ཆེན་དུ་གཏོང་བ་དང་། ཁྱིམ་སྲུང་རྒྱལ་སྲུང་བྱེད་པ་སོགས་སྤྱིར་བཏང་གི་དཔའ་བོ་གྲངས་ལས་འདས་པས་དཀའ་སྤྱད་འབད་འཐབ་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོས་མགྲིན་པ་གཟེངས་སུ་བཏེགས་ནས་མདུན་དུ་བསྐྱོད་པའི་རླབས་རྒྱུན་གྲུབ་ཡོད།

མེས་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ལ་སེམས་ཁུར་བྱེད་བཞིན་ཡོད། ཕྱར་བ་གྲུ་འདེགས་དང་མཉམ་དུ་འབད་བརྩོན་བྱས་ཚེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་གཞི་ནས་བརྟན་བགྲོད་རྒྱང་སྐྱོད་ཐུབ་པ་དང་། མེས་རྒྱལ་ཡོངས་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཕུགས་འདུན་ཡིན། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་པར་སེམས་གཏིང་ནས་རེ་བ་བྱེད་བཞིན་ཡོད།

ངས་ཕྱི་རྒྱལ་གྱི་མགོ་ཁྲིད་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པར་ཁ་པར་བཏང་ནས་འབྲེལ་གཏུག་དང་། བརྙན་ལམ་བརྒྱུད་ནས་མཇལ་མོལ་ཞུ་སྐབས། ཁོང་རྣམ་པས་ཀྲུང་གོས་རིམས་འགོག་དང་། གོ་ལ་ཧྲིལ་པོའི་རིམས་ནད་འགོག་སྡོམ་ཆེད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་མང་པོ་གནང་ཡོད། མིག་སྔའི་བར། ཀྲུང་གོས་བསྡོམས་པས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས120ལྷག་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་དུང་ཕྱུར20མཁོ་འདོན་བྱས་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་མ་ལག་འཛུགས་པར་ལེའུ་གསར་པ་རྩོམ་ཐུབ།

ཟླ་གཅིག་གི་རྗེས་སུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་རྒྱུ་རེད། མི་སྔར་ལས་མང་པོ་གངས་འཁྱག་ལུས་རྩལ་ནང་ཞུགས་རྒྱུ་ནི་ཡང་ཨོ་ལིན་ཕིག་ལུས་རྩལ་གྱི་བརྗོད་དོན་ཡིན། ང་ཚོས་བློ་གཅིག་སེམས་གཅིག་གིས་འཛམ་གླིང་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཞིག་སྤྱན་སྔར་འབུལ་རྒྱུ་ཡིན། འཛམ་གླིང་གིས་ཀྲུང་གོར་རེ་སྒུག་ཞུ་བཞིན་ཡོད་ལ། ཀྲུང་གོས་ཀྱང་གྲ་སྒྲིག་བཟང་པོ་བྱས་ཡོད།

ལོ་གསར་པའི་ཅོང་སྒྲ་གྲགས་ལ་ཉེ། ང་ཚོའི་མཁའ་སྐྱོད་པ་གསུམ་གྱིས་མཐའ་ཡས་པའི་བར་སྣང་ཁམས་སུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཕྱི་རྒྱལ་དུ་བཞུགས་པའི་སྤུན་ཟླ་རྣམས་ཀྱིས་སྔར་བཞིན་དཀའ་སྤྱད་འབད་བརྩོན་གནང་བཞིན་ཡོད། གཞུང་ཚབ་ཁང་ཆེན་མོ་དང་དོན་གཅོད་ཁང་། ཀྲུང་གོའི་མ་འཇོག་ཁེ་ལས་སོགས་ཀྱི་ཕྱི་རྒྱལ་དུ་སྡོད་པའི་མི་སྣ། རྒྱ་ཆེའི་ཕྱི་འགྲིམ་སློབ་མ་སོགས་ཀྱིས་སྔར་བཞིན་འབད་འབུངས་བརྟན་སྲུང་བྱེད་པ། ཕུགས་འདུན་རེ་སྙེག་བྱེད་མཁན་གྲངས་ལས་འདས་པས་ད་དུང་འབད་འཐབ་ཀྱིས་ལེགས་སྐྱེས་འབུལ་བཞིན་ཡོད། ཚང་མས་དཀའ་ལས་མྱང་སོང་། ངས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་ལོ་གསར་པར་འཚམས་འདྲི་ཞུ་བ་ཡིན།

ང་ཚོ་མཉམ་དུ་མ་འོངས་ཕྱོགས་སུ་བསྐྱོད། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བར་སྨོན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།