ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཉིས་སྟོང་ཉེར་གཉིས་ལོའི་ལུགས་རྙིང་སོ་སར་གྱི་སྐྱེལ་འདྲེན་སྐབས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་ཡག་པོར་བསྒྲུབ་པའི་ཐད་བཀོད་སྒྲིག་བྱས་པ་དང་།  མི་སྒེར་ལ་འབབ་འོས་པའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཅིག་མུ་མཐུད་དུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ལ། གྲོང་གསེབ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དུ་ལས་ཀ་བྱེད་དུ་ཡོང་མཁན་གྱི་བུ་ཕྲུག་སློབ་གྲྭར་ཞུགས་པའི་འགན་སྲུང་བྱེད་ཐབས་གཏན་འཁེལ་བྱས།

གྲོས་ཚོགས་ནས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་གནས་སྟངས་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པ་དང་། རང་རྒྱལ་གྱི་ས་ཁུལ་ཁག་ཅིག་ཏུ་རིམས་ནད་མཆེད་ཀྱིན་ཡོད།  སང་ལོའི་ལུགས་རྙིང་ལོ་སར་གྱི་སྐྱེལ་འདྲེན་དུས་སྐབས་ཏེ། ཟླ་དང་པོའི་ཟླ་དཀྱིལ་ནས་ཟླ་གཉིས་པའི་ཟླ་སྨད་བར་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར། ཚན་རིག་དང་མཐུན་པའི་གནད་འཁེལ་འགོག་སྡོམ་ལ་ཤུགས་སྣོན་པ་དང་། མི་སྣ་འགྲོ་འོང་མང་སར་དམིགས་གཏོད་པ། ལོ་སར་གྱི་སྐྱེལ་འདྲེན་སྐབས་ཀྱི་རིམས་ནད་འགོག་སྡོམ་འཐུས་ཚང་དུ་གཏོང་བ་དང་སྔར་ལས་དམ་འཛིན་ནན་མོ་བྱེད་དགོས། གཅིག་ནས་ས་གནས་ཀྱི་རང་འཁྲིའི་འགན་འཁྲི་དོན་འཁྱོལ་བྱས་ནས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་ཕྱི་རུ་འགྲོ་མཁན་ལ་ཁྲིད་སྟོན་བྱས་ཏེ། གཅིག་དཔེ་བརྒྱ་འགེབ་མི་ཡོང་བར་བྱེད་དགོས། ཁེ་ལས་དང་མཐོ་རིམ་སློབ་ཆེན་གྱི་ལས་བྱེད་པ་དང་སློབ་མར་གནང་བ་བཏང་ནས་འགྲོ་འོང་ཆེས་མང་བའི་གནས་སྟངས་ལས་གཡོལ་ཅི་ཐུབ་ཀྱིས། ངལ་གསོ་སྟངས་ལ་བཀོད་སྒྲིག་དང་མི་སྣ་སློབ་གྲྭར་ཕྱིར་ལོག་པར་བཀོད་སྒྲིག་བྱ་རྒྱུའི་ཐད་མཛུབ་ཁྲིད་བྱེད་དགོས། གཉིས་ནས་རླངས་འཁོར་ལ་སྒུག་ས་དང་གནམ་གྲུར་སྒུག་ས་སོགས་ལ་དུག་སེལ་བྱ་རྒྱུར་ཤུགས་བསྣན་ནས། ལུས་པོའི་དྲོད་ཚད་ལ་ཞིབ་དཔྱད་དང་ཁ་ཐུམ་རྒྱག་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། བདེ་འཇགས་ཤར་གཏོང་གི་ལམ་མང་དུ་བཏང་བ་བརྒྱུད་དེ། མི་སྣ་གཅིག་སྡུད་མི་ཡོང་བར་བྱེད་དགོས། གྲོང་གསེབ་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རིམས་ནད་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་དངོས་རྫས་སྐྱེལ་འདྲེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ནས། དམངས་ཚིས་དངོས་རྫས་མཁོ་སྤྲོད་ལ་འགན་ལེན་བྱེད་པ་དང་། གནམ་གཤིས་ངན་པ་ལ་ཁ་གཏད་འཇལ་བ་སོགས་ཀྱི་སྔོན་ཇུས་འཐུས་ཚང་དུ་གཏོང་དགོས། བཞི་ནས་ལོ་སར་གྱི་སྐྱེལ་འདྲེན་སྐབས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ནས། བདེ་འཇགས་ལས་འཛོལ་མི་འབྱུང་བར་བྱེད་དགོས།

གྲོས་ཚོགས་ནས་གཏན་འབེབས་བྱས་དོན། གཅིག་ནས་ལོ་ཧྲིལ་པོའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་མ་དངུལ་དེ་ཟླ་རེའི་གླ་ཕོགས་ཀྱི་ཁྲོད་དུ་མི་འདུ་བར་བྱེད་པ་དང་། ཟླ་རེར་དཔྱ་ཁྲལ་ལོགས་སུ་བསྡུ་བའི་སྲིད་ཇུས་ལག་བསྟར་བྱེད་ཡུན་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་ཕྱི་སྣུར་བྱ་རྒྱུའི་གཏན་འབེབས་བྱས། གཉིས་ནས་ལོ་གཅིག་གི་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་གཉིས་ལས་བརྒལ་མེད་པའི་ཁ་གསབ་དཔྱ་ཁྲལ་ལམ་ཡང་ན་ལོ་གཅིག་གི་བསྡོམས་རྩིས་ཁ་གསབ་ཁྲལ་དངུལ་སྒོར་བཞི་བརྒྱ་ལས་མི་བརྒལ་བར་བྱེད་པའི་སྲིད་ཇུས་ཀྱི་གོ་ཆོད་ཡུན་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་ཇེ་རིང་དུ་བཏང་བ། གསུམ་ནས་ཁྲོམ་འགྲེམ་ཀུང་ཟིའི་མ་རྐང་དབང་ཆར་སྐུལ་མ་གཏོང་བའི་རྐྱང་མའི་ཁྲལ་རྩིས་རྒྱག་པའི་སྲིད་ཇུས་དེ་ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་བར་ཇེ་རིང་དུ་བཏང་བ་བཅས་ཡིན། གོང་གསལ་གཏན་འབེབས་བྱས་པའི་སྲིད་ཇུས་ཀྱིས་ལོ་གཅིག་གི་རིང་ལ་དཔྱ་ཁྲལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཇེ་ཡང་དུ་གཏོང་ཐུབ།

གྲོས་ཚོགས་ནས་གཏན་འབེབས་བྱས་དོན། གཅིག་ནས་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ཀྱི་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཟླ་ཕོགས་ལས་མི་དམའ་བར་བྱེད་པའི་གཏན་འབེབས་དོན་འཁྱོལ་ནན་མོ་བྱེད་དགོས། གཉིས་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་བཀོད་སྒྲིག་བྱས་ཏེ། དཀའ་ངལ་ཆེ་བའི་བས་མཐའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཁོར་རྒྱུག་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་གྲོང་གསེབ་དགེ་རྒན་གྱི་ཟབ་སྦྱོང་ལ་ཤུགས་བསྣན་ནས། ཟབ་སྦྱོང་དང་སློབ་གཉེར་བརྒྱུད་རིམ་སློབ་གསོ་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་ཕུལ་བྱུང་དགེ་རྒན་གྲོང་གསེབ་ཀྱི་སློབ་གྲྭར་འགྲོ་རྒྱུར་ཁྲིད་སྟོན་བྱས་ནས། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། ལྔ་ནས་གྲོང་ཁྱེར་དུ་ལས་ཀ་བྱེད་དུ་ཡོང་མཁན་གྱི་བུ་ཕྲུག་གིས་འདྲ་མཉམ་ངང་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་ནན་མོ་བྱེད་པ་དང་། གང་ནས་ཡོང་སའི་སློབ་གསོ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་ནོར་སྲིད་ཀྱི་འགན་སྲུང་ནང་འཇོག་དགོས།  དཔེ་ཆ་གཡར་བར་རིན་ལེན་པ་དང་རོགས་སྐྱོར་མ་དངུལ་བསྡུ་ལེན་བྱེད་པར་གཏན་འགོག་བྱེད་དགོས།

ཚོགས་ཐོག་ནས་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།