ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། དོན་དངོས་ལ་རྟོག་ཞིབ་དང་འབེལ་གཏམ་ལྷུག་གླེང་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་པར་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམརྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།  

ཟླ12པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་དོན་པའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།  

ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གི་འགན་འཁུར་བས་སྙན་ཞུ་ཞུས་པ་དང་། ཚན་ཧྲི་དང་ལས་དོན་པ། ཆེད་བསྐོས་ཞིབ་འཇུག་པ་བཅས་ཀྱི་འཐུས་མི་ཝང་མོང་དང་ལེང་ཞའོ་ཧྲེང་། ཧྥན་ཏི་ཨན། ལིན་དབྱི་ཧྥུའུ། ཏུའུ་དབྱིང་། ཁྲེན་ལའེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་། ལི་ཁེ་ཆང་གིས་བཤད་རྒྱུར། སྲིད་གཞུང་གི་ཚན་ཧྲིའི་ལམ་ལུགས་འཛུགས་པ་དང་རིག་གནས་ལོ་རྒྱུས་ཁང་འཛུགས་པ་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དེ་རྒྱལ་ཁབ་སྲིད་དབང་འཛུགས་སྐྱོང་ཐད་སྤྱོད་པའི་གསར་གཏོད་ཅིག་ཡིན་ལ། ཏང་དང་སྲིད་གཞུང་གིས་ཤེས་བྱར་བརྩི་མཐོང་དང་འཇོན་མིར་བརྩི་འཇོག་བྱེད་པའི་མཚོན་ཚུལ་ཞིག་ཡིན། ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཁང་དུ་འཇོན་མི་སྣ་མང་འཛོམས་ཤིང་། རྒྱལ་ཁབ་འཛུགས་སྐྲུན་དང་བཅོས་སྒྱུར། འཕེལ་རྒྱས། རིག་གནས་དར་རྒྱས་བཅས་ཀྱི་ཆེད་དུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱ་ཆེའི་ཚན་ཧྲི་དང་ལས་དོན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དང་། རང་གི་ལས་འགན་རྒྱུན་འཛིན་བྱས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་མགོ་མང་པོ་བཏོན་ཡོད།

ལི་ཁེ་ཆང་གིས་བསྟན་དོན། དཔལ་འབྱོར་ལས་དོན་ནི་ཏང་གི་རྒྱལ་སྲིད་སྐྱོང་བའི་ལྟེ་བའི་ལས་དོན་ཞིག་ཡིན་ལ། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། དེང་རབས་ཅན་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་ཡུན་རིང་བྱ་དགོས། ཉེ་བའི་ལོ་འགའི་རིང་། རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་། ལྷག་པར་དུ་རིམས་ནད་ཀྱི་རྡུང་རྡེག་ཆེན་པོ་འཕྲད་དུས། ང་ཚོས་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་ལག་བསྟར་བྱས་པ་ལས། “ཞིང་ཆུ་ལེབ་གཏོང”ལྟ་བུའི་ངར་སྐུལ་མ་བྱས་པར། ཁྲོམ་རའི་གཙོ་གཞིའི“རི་ཆེན”སྲུང་བར་དམིགས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་དང་། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པར་སྐུལ་སྤེལ་བྱེད་དགོས། རང་རྒྱལ་གྱི་ཁྲོམ་རའི་གཙོ་གཞི་དུང་ཕྱུར1ལྷག་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་མཁན་ཡིན་ལ། ལས་ཞུགས་མང་ཆེ་བར་འདེགས་སྐྱོར་བྱས་ཡོད། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དེ་ཁྲོམ་རའི་གཙོ་གཞིར་ཁྲལ་འཕྲི་རིན་གཅོག་བྱེད་པར་མངོན་ཡོད་ལ། བརྟན་བརླིང་སྐྱོན་བྲལ་གྱི་དངུལ་ལོའི་སྲིད་ཇུས་དེ་ཁྲོམ་རའི་གཙོ་གཞིའི་མ་དངུལ་བསྡུ་སྒྲིལ་ལ་སྟབས་བདེ་ཇེ་མང་དང་མ་གནས་ཇེ་དམའ་རུ་བཏང་བར་མངོན་གསལ་དོད་པོས་མཚོན་ཡོད། ལྷག་པར་དུ་ལས་ཞུགས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཁོག་སྲིད་ཇུས་སུ་བསྒྱུར་ཏེ། ཁྲོམ་རའི་གཙོ་གཞིར་འགན་ལེན་བྱས་པ་བརྒྱུད་ལས་ཞུགས་ལ་འགན་ལེན་དང་དམངས་འཚོར་འགན་ལེན་བྱས་ནས། རིན་དོད་ཆུང་ཙམ་གྱིས་རྡུང་རྡེག་བཏེགས་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱས་ཤིང་། དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་དམིགས་ཚད་མངོན་འགྱུར་བྱས་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་རིམས་ནད་དང་དཔལ་འབྱོར་གནས་བབ་རྙོག་འཛིང་ཆེ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་མར་ཆག་པའི་གནོན་ཤུགས་གསར་པ་ཡོད། ཚང་མས་མུ་མཐུད་དུ་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་ཁྲོམ་རའི་གཙོ་གཞི་སྟོབས་ཆེར་གཏོང་བ། གཞི་རྩའི་དམངས་འཚོ་འགན་ལེན་སོགས་ལ་དམིགས་ནས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་ལྟ་བ་ཡང་དག་འབུལ་རྒྱུའི་རེ་བ་ཡོད། འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་དམངས་འཚོའི་བདེ་རྩ་མཐོར་འདེགས་གཏོང་བའི་ཆེད་དུ་ཡིན། ཚང་མས་འོས་འགན་སློབ་གསོ་དང་རྒན་གསོ། སྨན་བཅོས། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་གཞི་རྩའི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ། མང་ཚོགས་ཀྱི་དོ་ཁུར་དང་རེ་སྒུག་མང་ཙམ་མཚོན་པར་བྱས་ནས། དམིགས་སའི་རང་བཞིན་གྱི་གྲོས་འགོ་མང་ཙམ་བཏོན་ནས། སྲིད་གཞུང་གི་སྲིད་ཇུས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་དམངས་ཀྱི་རེ་བ་མཚོན་ཐུབ་པར་བྱ་དགོས། 

ལི་ཁེ་ཆང་གིས་བཤད་རྒྱུར། རིག་གནས་ལོ་རྒྱུས་ཁང་གི་ལས་དོན་པ་མང་ཆེ་བས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད། རིག་གནས་ལ་བརྩི་མཐོང་དང་ལོ་རྒྱུས་དཔྱད་གཞིར་འཛིན་པ། སྲིད་དོན་སྐྱོང་རོགས་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། ཀྲུང་གོའི་རིག་གནས་ལ་ནང་དོན་གཏིང་ཟབ་ལྡན། ཀྲུང་གོའི་ཡི་གེ་ནི་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་ཡིན་ལ། ལོ་ངོ་སྟོང་ཕྲག་རིང་རྒྱུན་ཆད་མེད། ཀྲུང་གོའི་ཡི་གེའི་ནང་དོན་དང་རིམ་འགྱུར་བརྒྱུད་རིམ་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཕུན་སུམ་ཚོགས་པའི་ཉིང་བཅུད་བསྡུ་ལེན་བྱེད་དགོས། ཀྲུང་གོའི་ལོ་རྒྱུས་ལ་བསྟན་བཅོས་མང་པོ་ཡོད། དེ་དག་ལེགས་སྒྲིག་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱས་ང་ཚོར་བསྩལ་བའི་བློ་སྐྱེད་ཁོང་དུ་ཆུད་པ་དང་ཤེས་རྟོགས་བྱེད་དགོས་པ་མ་ཟད། ཞིབ་འཇུག་གཏིང་ཟབ་བྱས་པའི་ཤེས་རྒྱ་དེ་སྲིད་སྐྱོང་ཇུས་འདོན་དུ་བསྒྱུར་དགོས། རིག་གནས་སྒྱུ་རྩལ་གྱིས་མི་ལ་བག་ཆགས་བཟང་པོ་དང་ལོངས་སྤྱོད་སྤྱིན་ཐུབ་ལ། ཚན་རིག་ཞིབ་འཇུག་སོགས་ཀྱི་བློ་སྒོ་ཡང་འབྱེད་ཐུབ། རིག་གནས་སྒྱུ་རྩལ་སྤུས་དག་མང་པོ་བཏོན་ནས། ཀྲུང་ཧྭའི་རིག་གནས་ཀྱི་ཡུན་རིང་གི་ཡིད་དབང་འཕྲོག་ཤུགས་མངོན་མཚོན་བྱེད་དགོས་ལ། རིག་གནས་མི་འདྲ་བའི་བརྗེ་རེས་མཉམ་ལས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་བསྡུར་ཤུགས་སྣོན་རྒྱག་དགོས། ལས་དོན་པ་ཚོས་རིག་གནས་ཀྱི་རྨང་གཞི་དང་ལོ་རྒྱུས་ཀྱི་བློ་སྒོ། སྒྱུ་རྩལ་གྱི་ཤུགས་རྐྱེན་བཅས་ཀྱི་ཐད་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཤིང་། རྗེས་རབས་པར་ཡང་སྐུལ་སློང་བྱ་རྒྱུའི་རེ་བ་ཡོད།  

ལི་ཁེ་ཆང་གི་རེ་བར། ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་དང་རིག་གནས་འཛུགས་སྐྱོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁོང་ཚོར་རང་འགན་གཙང་སྒྲུབ་བྱེད་པའི་ཆ་རྐྱེན་བཟང་པོ་བསྐྲུན་དགོས། 

ལི་ཁེ་ཆང་གིས་ད་དུང་རིག་གནས་ལོ་རྒྱུས་ཁང་གིས་རྩོམ་སྒྲིག་བྱས་པའི་དཔེ་ཚོགས་དང་ལས་དོན་པའི་གསུང་རྩོམ། ཡིག་གཟུགས་མཛེས་རིས་རྩེ་གྲ་ཡི་འགྲེམས་སྟོན་ལ་གཟིགས་སྐོར་གནང་། 

ཡུའུ་ཆོན་དང་ཞའོ་ཅེ། ཧི་ལི་ཧྥུང་བཅས་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།