ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་སྟེ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཡིད་ཆེས་ཆེན་པོས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་ནས་དུས་རབས་གསར་པར་བྱས་རྗེས་འཇོག་

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ལོ་བརྒྱའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་རྐང་ཚུགས་པར་བྱེད་པ་དང་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་དམིགས་ཏེ་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། ལོ་རྒྱུས་བསླབ་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་བསླབ་ནས་ཡིད་ཆེས་བསྐྱེད་པ། ལོ་རྒྱུས་བསླབ་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབ་ནས་ལག་ལེན་བསྟར་བ་བཅས་ཀྱི་བླང་བྱ་ལྟར་དུ། རྩ་འཛུགས་ལག་བསྟར་ཞིབ་ཚགས་དང་ནུས་ལྡན་གོ་རིམ་ཡོད་པའི་ངང་ནས་སྤེལ་ཡོད་ཅིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དངོས་གཉེར་ནན་མོར་སྤེལ་བར་བརྟེན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ཀྱི་སློབ་གསོ་དང་བསམ་བློའི་ཞུན་བརྡར། སྙིང་སྟོབས་གཙང་བཅོས་བཅས་ཁྱོན་ཡོངས་ནས་གཏིང་ཟབ་ཐོབ་པ་དང་། ཏང་ཡོངས་ཀྱི་ལོ་རྒྱུས་རང་རྟོགས་དང་ལོ་རྒྱུས་རང་རྟོན་ཆེས་ཆེར་ཕྱིན་ཡོད་ལ། ཏང་གི་གསར་གཏོད་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཆེས་ཆེར་ཕྱིན་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་པ་གསལ་རྟོགས། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམིགས་ཡུལ་ཡོངས་འགྲུབ་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སྤྱི་སྡོམ་ནན་ཏན་བྱས་ནས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས། ཏང་ཡོངས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོའི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཡིད་ཆེས་ཆེན་པོས་སྐྱོད་ལམ་གསར་པའི་སྟེང་འབད་བརྩོན་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ལག་ལེན་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གསལ་བཤད་མཐིལ་ཕྱིན་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མངོན་གསལ་ཅན་དང་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པ་ལས་གཞན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་བླང་བྱ་གསལ་པོ་བཏོན་ཡོད་པ་དེས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྤྱི་བསྡོམས་ཡག་པོ་བྱེད་པ་དང་སྔར་ལས་སྲ་བརྟན་དུ་གཏོང་བ། སྔར་ལས་རྒྱ་སྐྱེད་དུ་གཏོང་བ་བཅས་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད་པར་བརྟེན། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དངོས་འབེབས་མཐར་ཕྱིན་མཐའ་གཅིག་ཏུ་བྱེད་དགོས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།