ཀྲུང་གོ་བོད་ཀྱི་དྲ་བ།

《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》ལ་རྒྱུས་ལོན་ལེགས་པོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རྣམས་ཀྱིས་དུས་རྒྱུན་གྱི་འཛད་སྤྱོད་བྱ་འགུལ་དང་སྤྱི་ཚོགས་ཀྱི་བྱ་འགུལ་གཞན་པའི་ཁྲོད།ཚོང་གཉེར་པ་དང་བྱ་འགུལ་རྩ་འཛུགས་ལས་ཁུངས་ལ་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་མི་བྱེད་ཐབས་མེད་དུ་གྱུར་ཡོད།ཚོང་གཉེར་མཁན་དང་བྱ་འགུལ་རྩ་འཛུགས་ལས་ཁུངས་ཁ་ཤས་ཤིག་ལ་འཛད་སྤྱོད་པའི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མི་ལྡན་པ་དང་ཡང་ན་སྲུང་སྐྱོབ་བྱེད་ཐབས་མི་འགྲིག་པའི་དབང་གིས།འཛད་སྤྱོད་པའི་སྒེར་གྱི་ཆ་འཕྲིན་ཕྱི་རུ་ཤོར་བའམ་ཡང་ན་མི་གཞན་གྱིས་ཁྲིམས་འགལ་སྒོས་བསྡུ་ཉར་བྱེད་པའི་གནས་ཚུལ་རྒྱུན་དུ་འབྱུང་གིན་ཡོད།

2021ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པ་དང་། དེ་ནི་སྤྱི་དམངས་ཀྱི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དམིགས་བཅའ་ཁྲིམས་ཤིག་ཡིན་པས། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ།

གཅིག 《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》ལ་སློབ་སྦྱོང་བྱེད་དགོས།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》སོགས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལ་སློབ་སྦྱོང་བྱས་པ་བརྒྱུད་དེ།མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་།བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་འཛད་སྤྱོད་ལ་མཛུབ་སྟོན་བྱེད་དུ་འཇུག་དགོས།

གཉིས། “ངེས་པར་དུ་འདོན་སྤྲོད་བྱེད་དགོས་ན་མ་གཏོགས་འདོན་སྤྲོད་མི་བྱེད་པ”ཡི་གོམས་གཤིས་ཆགས་སུ་འཇུག་དགོས།འཛད་སྤྱོད་པས་ཞབས་ཞུ་དང་ལེན་བྱེད་སྐབས།གསང་བ་ཕྱི་རུ་ཤོར་བའི་གྲོས་འཆམ་ཡི་གེ་སོགས་ཀྱི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བའི་དོན་ཚན་ཞིབ་མོར་བཀླགས་ཏེ།ཚོང་གཉེར་མཁན་གྱིས་སྒེར་གྱི་ཆ་འཕྲིན་ཇི་ལྟར་ཐག་གཅོད་བྱེད་སྟངས་དང་ཁྱབ་ཁོངས།དམིགས་ཡུལ།གཞི་འཛིན་ས་སོགས་གསལ་པོར་ཤེས་དགོས།ཚོང་གཉེར་མཁན་གྱིས་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་དགོས་དོན་ཡོད་མེད་དང་འཛད་སྤྱོད་པས་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་དོན་ཡོད་མེད་སོགས་ལ་བསམ་བློ་ཞིབ་མོ་གཏོང་དགོས།

གསུམ། དང་ལེན་དང་ཡང་ན་འདོན་སྤྲོད་བྱས་ཟིན་པའི་སྒེར་གྱི་ཆ་འཕྲིན་ལ་མུ་མཐུད་རྗེས་འདེད་བྱེད་དགོས།འཛད་སྤྱོད་པས་སྒེར་གྱི་ཆ་འཕྲིན་དོན་ཚན་དང་ལེན་དང་ཡང་ན་ཚོང་གཉེར་མཁན་ལ་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱས་རྗེས།ཚོང་གཉེར་མཁན་གྱིས་སྒེར་གྱི་ཆ་འཕྲིན་བསྒྱུར་བཅོས་བྱེད་ཀྱིན་ཡོད་མེད་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་།ཚོང་གཉེར་མཁན་ལ་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་མེད།ཚོང་གཉེར་མཁན་ལ་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་ཐག་གཅོད་བྱེད་པའི་བྱ་སྤྱོད་ཡོད་མེད་བཅས་ལ་བརྟག་དགོས།

བཞི། སྒེར་གྱི་ཆ་འཕྲིན་ཡོད་པའི་འཛིན་ཡིག་དང་རྒྱུ་ཆ་སོགས་ཉར་ཚགས་ལེགས་པོ་བྱེད་དགོས། འཛད་སྤྱོད་པས་སྒེར་གྱི་ཆ་འཕྲིན་ཡོད་པའི་འཛིན་ཡིག་དང་རྒྱུ་ཆ་སོགས་ཉར་ཚགས་ལེགས་པོ་བྱས་ཏེ།གང་འདོད་དུ་འདོར་བའམ་ཡང་ན་བཀོལ་སྤྱོད་བྱེད་སྟངས་མི་ལེགས་པ་སོགས་ཀྱི་དབང་གིས་སྒེར་གྱི་ཆ་འཕྲིན་ཕྱི་རུ་ཤོར་བ་སྔོན་འགོག་བྱེད་དགོས།གལ་ཏེ་མི་གཞན་ལ་ཐོབ་ཐང་ལག་ཁྱེར་སོགས་ཀྱི་ལག་ཁྱེར་གལ་ཆེན་འདོན་སྤྲོད་བྱེད་དགོས་ན།ལག་ཁྱེར་གྱི་སྤྱོད་ཡུལ་གསལ་པོར་འབྲི་དགོས།

ལྔ། བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤེས་དགོས།རང་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་ཐེབས་པའམ་ཡང་ན་ཚོང་གཉེར་མཁན་ལ་འཛད་སྤྱོད་པའི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོས་ཐག་གཅོད་བྱེད་པའི་བྱ་སྤྱོད་ཡོད་པ་ཤེས་ཚེ།རང་འགུལ་སྒོས་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་དོ་དམ་སྡེ་ཁག་དང་ཡང་ན་འཛད་སྤྱོད་པའི་མཐུན་ཚོགས་ལ་གཏུག་བཤེར་བྱེད་པ་དང་།གྱོད་དོན་གྱི་ཁུངས་སྣེ་དང་འབྲེལ་ཡོད་དཔང་རྟགས་འདོན་སྤྲོད་བྱས་ཏེ།རང་ཉིད་དང་འཛད་སྤྱོད་པ་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།