རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་བ།

——ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁག་དང་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་སྡེས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་པ།

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའམ་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ར་ཁོ་ཡིས་བཤད་རྒྱུར།

རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ཞིང་། གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་བླངས་ཏེ། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཏང་དང་བློ་ཁ་གཅིག་ཏུ་མཐུན་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་ཚན་ཁག་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལ་སྔར་ལས་ཤུགས་བསྣན་ཏེ། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་ངང་འབྲེལ་འདྲིས་བྱེད་པའི་ཟམ་པའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཚོགས་སྒྲིལ་གྱི་འགན་ནུས་ཧུར་ཐག་གིས་སྒྲུབ་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བྱེད་ཐབས་དང་རྒྱུ་ལམ་འཚོལ་ཞིབ་གསར་གཏོད་བྱེད་པ། ཆོས་ལུགས་ལས་རིགས་ཁག་གི་སྲོལ་བཟང་འཛུགས་སྐྲུན་རྒྱུན་མཐུད་ངང་སྤེལ་བ། དགོན་པའི་ནོར་དོན་དོ་དམ་འཐུས་ཚང་དུ་གཏོང་བ་དང་ཆོས་ཁྲིད་མི་སྣའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལུགས་རྙིང་སྲོལ་ངན་བཅོས་བསྒྱུར་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པར་བྱེད་པ་བཅས་ཀྱིས། སེམས་སུ་སྡོམ་པ་ཡོད་པ། སྤྱོད་པ་ཚུལ་ལ་གནས་པ། སྡོམ་ཁྲིམས་སྲུང་ཞིང་སྒྲིག་ལམ་བརྩི་བ། ཁེ་གྲགས་མི་གཉེར་བ་བཅས་བྱས་ཏེ། རང་རྟོགས་ཀྱིས་ཆོས་ལུགས་ལས་རིགས་ནང་ཁུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། རང་གཅུན་སྤྱོད་གཟབ་དང་རང་དཔེ་གཞན་སྟོན་བྱས་ནས། ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཏང་ལ་གཅེས་པ་དང་རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་ལ་གཅེས་པ་བཅས་ལ་སྣེ་ཁྲིད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་འདྲེས་སུ་བཅུག་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བའི་ཐད་རྒྱུན་ཆད་མེད་པར་བྱས་རྗེས་གསར་པ་འཇོག་དགོས།

ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོའམ་ཏུང་ཀོན་མུའུ་སི་ལིན་ཆོས་ཁང་གི་ཆོས་དཔོན་མ་ཡུའེ་ཞང་གིས་བཤད་རྒྱུར།

ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་གོ་བ་ལེན་དགོས་ལ། “ངེས་པར་དགུ”འགུལ་སྐྱོད་ཕྱོགས་སྟོན་དུ་བཟུང་སྟེ། རང་ལ་སློབ་གསོ་དང་རང་ལ་དོ་དམ། རང་གཅུན་བཅས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཆོས་ལུགས་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བ་དང་དྲང་བཞག་རྒྱུན་སྲུང་བྱེད་པ། མཐའ་རུ་ལྷུང་བ་འགོག་པ། ཐལ་ཆེ་བ་བཀག་སྡོམ་བཅས་བྱས་ཏེ། རང་ཉིད་ཀྱིས་སྣེ་ཁྲིད་དེ་ཁྲིམས་སྲུང་བ་དང་སྒྲིག་ལམ་བརྩི་བ། ཆོས་ལུགས་ཀྱི་བློ་སྦྱོང་མཐོར་འདེགས་གཏོང་དགོས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ཁྲིད་མི་སྣས་ཀྲུང་ཧྭའི་རིག་གནས་ཉམས་སུ་མྱོང་བའི་བྱ་འགུལ་སྤེལ་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་རྒྱུད་མ་ལག་ཧུར་ཐག་གིས་འཚོལ་ཞིབ་དང་སྒྲིག་འཛུགས་བྱེད་དགོས། “ཚད་གཞི་བཞི”ལ་ཤན་སྦྱར་ཏེ་རྒྱ་ཆེའི་ཨ་ཧུང་རྣམས་ལ་སློབ་གསོ་གཏོང་བ་དང་། ཚད་ལྡན་མིན་པའི་ཨ་ཧུང་ཉུང་ཤས་གཙང་སེལ་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་ཞི་མཐུན་དང་ཆོས་ལུགས་ཞི་འཇགས། སྤྱི་ཚོགས་བརྟན་བརླིང་། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པའི་རྣམ་པ་ལེགས་པོར་གཅེས་སྤྲས་བྱེད་པར་སློབ་གསོས་སྣེ་ཁྲིད་དེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། གུང་ཁྲན་ཏང་བཟང་བ་དང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བ། རིགས་སོ་སོའི་མི་དམངས་བཟང་བ་བཅས་ཀྱི་དབྱངས་རྟ་གཙོ་བོ་ཤུགས་ཆེན་པོས་གསང་མཐོར་གྱེར་ཏུ་འཇུག་དགོས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་ཆེད་དུ་དད་ལྡན་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྔར་ལས་ལེགས་པར་སྣེ་ཁྲིད་དགོས།

ཞིང་ཆེན་ཏའོ་ཅའོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་བྱང་རིའི་ཏའོ་དགོན་གྱི་ཏའོ་ལུགས་པ་ཁྲེན་ཁྲེང་ཡུས་ཀྱིས་བཤད་རྒྱུར།

ཆོས་ལུགས་ལས་རིགས་ཁག་གི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་ལ་དོ་སྣང་བྱེད་པ་དེ་ངེས་པར་དུ་གོ་གནས་ཨང་དང་པོར་འཇོག་དགོས་ཏེ། དུས་གཏན་དུ་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་གསུང་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་པ་དང་། སྤྱི་ཡོངས་ལ་གཙིགས་མཐོང་དང་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ནས། རང་ཉིད་ཀྱི་ཆབ་སྲིད་ལངས་གནས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ལ། ཁྲིམས་སྐྱོང་གཙིགས་འཛིན་དང་ཆོས་ལུགས་སྒྲིག་ལམ་བརྩི་སྲུང་བྱས་ནས། ཆོས་ལུགས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། མཐུན་སྒྲིལ་ལ་དོ་སྣང་དང་དྲང་བདེན་གནད་དུ་བཟུང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཏན་ཏིག་གིས་སྐུལ་སྤེལ་བྱེད་དགོས། གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་མཐིལ་ཕྱིན་བླངས་ཏེ། ནང་སེམས་སུ་ཟུག་པ་དང་ཕྱིའི་སྤྱོད་ལམ་དུ་སིམ་པ། སེམས་སུ་འགྲོ་བ་དང་ཟབ་སར་འགྲོ་བ། དངོས་ཡོད་ཀྱི་སྟེང་དུ་འབྱོར་བར་བྱེད་དགོས། དུས་རབས་གསར་པར་ཏའོ་ཅའོ་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་ན། སྲོལ་རྒྱུན་གྱི་རང་མདངས་སྲུང་འཛིན་བྱེད་དགོས་པར་མ་ཟད། རང་རྒྱལ་གྱི་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཡུལ་ཁོངས་ཀྱི་གནས་ཚུལ་ལ་ཡང་ཧུར་ཐག་གིས་འཕྲོད་མཐུན་ཡོང་བར་བྱེད་དགོས་ལ། ཏའོ་ཅའོ་ཡི་ལུང་རིགས་དང་བསྟན་དོན་གསལ་འགྲེལ་བྱས་པ་བརྒྱུད་དེ། ལའོ་ཙི་ཡི་འཆམ་མཐུན་བསམ་བློའི་རྒྱུ་ནོར་རྩ་ཆེན་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། ཏའོ་ཅའོ་ཡི་སྲོལ་རྒྱུན་གྱི་གོ་དོན་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་གཏོང་བ། རྒྱ་བསྐྱེད་པ་དང་མཐོར་འདེགས་གཏོང་དགོས། ཆོས་སྲོལ་སྣང་ཚུལ་ལེགས་བཅོས་བྱེད་དགོས་པ་དང་། “ཧམ་སེམས”དང “སྒེར་སེམས”འདོར་དགོས། སྡོམ་ཁྲིམས་ཀྱི་དུས་རབས་བླང་བྱར་མཐོང་ཆེན་བྱས་ནས། དུས་རབས་གསར་པའི་བླང་བྱ་ལྟར་གསར་དུ་མཚན་ཉིད་འཇོག་པ་དང་ལེགས་སྒྲིག་བྱས་ཏེ། ཆོས་ལུགས་ཁྲོད་ཀྱི་རྒྱལ་ཁབ་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བསམ་བློ་དྲིལ་སྒྲོག་བྱེད་དགོས།

ཞིང་ཆེན་ཡེ་ཤུའི་ཆོས་ལུགས“གྲོས་ཚོགས་གཉིས”ཀྱི་ཀྲུའུ་ཞིའམ་ཚོགས་གཙོ། ཅའོ་ཁྲང་སྲང་ལམ་ཆོས་ཁང་གི་ཡེ་ཤུའི་ཆོས་དཔོན་ཐུང་ཕིང་ཨན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ་དང་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། ཏང་གི་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཀྱི་རྣམ་བཤད་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བའི་སྐོར་ནི “སེམས་བདེ་རིལ་བུ”ཞིག་དང་ཀུན་ནས་མཚུངས་ལ། “ངོས་ཟིན་ལྔ”གོང་འཕེལ་གཏོང་བའི་སྐོར་གྱི་བླང་བྱ་ནི“ཀླད་སྙིང་ཀུན་ཕན་རིལ་བུ”ཞིག་དང་འདྲ་ཞིང་། “ངེས་པར་དགུ”ནི“ལམ་སྟོན་སྒྲོན་མེ”ཞིག་དང་གཉིས་སུ་མ་མཆིས་པས། ཞིང་ཆེན་ཡོངས་ཀྱི་ཡེ་ཤུའི་ཆོས་ལུགས་ལས་རིགས་ཁག་ལ་སྐུལ་ལྕག་ཟབ་མོ་ཐེབས་སུ་བཅུག ཡེ་ཤུའི་ཆོས་ལུགས་ལ་མཚོན་ནས་བཤད་ན། ཀྲུང་ཧྭའི་རིག་གནས་ཀྱི་ས་ཞིང་གཤིན་པོ་རུ་རྩ་བ་ཚུགས་ཤིང་། མི་དམངས་ཀྱི་དགའ་སྤྲོ་བསྐྱེད་པའི་བྱ་བ་བསྒྲུབས་ན་ད་གཟོད་ཀྲུང་གོ་མི་དམངས་ཀྱིས་ཁས་ལེན་བྱེད་སྲིད། ཞིང་ཆེན་ཡོངས་ཀྱི་ཡེ་ཤུའི་ཆོས་ལུགས་ལས་རིགས་ཁག་གིས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལྟར། ཡེ་ཤུའི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། སྤྱི་ཡོངས་ལ་གཙིགས་མཐོང་དང་ཁྲིམས་སྐྱོང་ལ་གཙིགས་འཛིན། ཚན་རིག་ལ་དོ་སྣང་། བྱམས་སེམས་འབུལ་བ་བཅས་ཀྱིས། “རང་ཉིད་གསུམ”དང་རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། བྱ་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ལྷའི་རིག་པའི་བསམ་བློའི་འཛུགས་སྐྲུན་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཆོས་འཆད་པ་དང་། ཆོས་ཀྱི་བསྟན་དོན་དང་ཆོས་ལུགས་ཀྱི་སྒྲིག་ལམ་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་ཞིང་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་འཆད་འགྲེལ་བྱས་ནས། ཡེ་ཤུའི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་ཁྲའོ་དབྱང་གནམ་བདག་ཆོས་ཁང་གི་ཆོས་བཤད་པ་ལི་ཏུང་ཧྲེང་གིས་བཤད་རྒྱུར།

གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་སློབ་གསོ་དང་རང་ཉིད་དོ་དམ་ལ་ཤུགས་སྣོན་པ་དང་། ཆོས་དོན་གཉེར་མཁན་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་མི་རྣམས་ཀྱིས་མགོ་ཁྲིད་དེ་ཁྲིམས་དང་སྒྲིག་ལམ་སྲུང་བ་དང་ཆོས་ལུགས་ཀྱི་བློ་སྦྱོང་མཐོར་འདེགས་གཏོང་བ། དམངས་གཙོ་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ཁྱབ་ཁོངས་སུ་ཆོས་ལུགས་བྱ་འགུལ་སྤེལ་དགོས། ཆོས་ལུགས་མི་འདྲ་བའི་བར་དུ་བརྗེ་རེས་བྱ་འགུལ་སྤེལ་ཏེ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། གནམ་བདག་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་སྤེལ་བྱེད་དགོས། གནམ་བདག་ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཏེ། དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པར་སྣེ་ཁྲིད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས། གནམ་བདག་ཆོས་ལུགས་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ལམ་ཞིག་ཏུ་བསྐྱོད་དུ་འཇུག་པ་དང་། ཧུར་ཐག་གིས་གནམ་བདག་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་དགོས།

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རོང་བོ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤར་ཚང་གིས་བཤད་རྒྱུར།

མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པར་ཕན་པ་དང་། “ངོས་ཟིན་ལྔ”གོང་འཕེལ་དུ་འགྲོ་བར་ཕན་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་མཐུན་སྒྲིལ་ཡོང་བར་ཕན་པ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཕན་པ། དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་པ་བཅས་ཚད་གཞི་རུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་དགོས། “རྒྱལ་ཁབ་ཆོས་ལུགས་ལས་གལ་ཆེ་བ”དང“རྒྱལ་ཁྲིམས་ཆོས་ཁྲིམས་ལས་གལ་ཆེ་བ”“གྲྭ་བ་བཟང་པོ་བྱེད་དགོས་ན། ཐོག་མར་སྤྱི་དམངས་བཟང་པོ་བྱེད་དགོས”པའི་རྩ་དོན་རང་རྟོགས་ཀྱིས་བརྩི་སྲུང་བྱས་ཏེ། རང་ཉིད་སློབ་གསོ་དང་རང་ཉིད་དོ་དམ། རང་གཅུན་ནུས་པ་བཅས་མཐོར་འདེགས་གཏོང་བ་དང་། རྒྱ་ཆེའི་ཆོས་དོན་མི་སྣ་རྣམས“ཆབ་སྲིད་ཀྱི་སྟེང་ནས་ཡིད་རྟོན་བྱེད་ཆོག་པ་དང་། ཆོས་ལུགས་ཀྱི་སྟེང་ནས་སྦྱོང་བ་ཡོད་པ། སྤྱོད་པའི་སྟེང་ནས་མང་ཚོགས་ཀྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་པ”བཅས་ཀྱི་དུས་རབས་གསར་པའི་གྲྭ་བ་འཇོན་ཐང་ཅན་དང་ཕུལ་བྱུང་ཅན་དུ་བརྩོན་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དེ་མེས་རྒྱལ་ལ་དགའ་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། ཆོས་ཁྲིམས་དང་ཆོས་ཀྱི་སྙིང་པོ་ཡང་དག་པར་གསལ་འགྲེལ་བཅས་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས།

ཞིང་ཆེན་དབྱི་སི་ལན་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་པེ་ཀོན་དབྱི་སི་ལན་ཆོས་ཁང་གི་ཆོས་འཁྲིད་མཁན་ཨ་ཧུང་ཅིན་པུའོ་ཡིས་བཤད་རྒྱུར།

དབྱི་སི་ལན་ཆོས་ལུགས་ནི་ཐང་རྒྱལ་རབས་ནས་མགོ་བརྩམས་ཏེ་ཀྲུང་གོར་དར་བ་ནས་བཟུང་། ཀྲུང་གོ་ཅན་དུ་འགྱུར་བ་དང་རང་ས་ཅན་དུ་འགྱུར་མགོ་བརྩམས་ཤིང་། མིང་ཆིང་དུས་སྐབས་སུ་སླེབས་དུས། རུའུ་ལུགས་པའི་གསུང་རབ་ལ་མཁས་པའི་དབྱི་སི་ལན་གྱི་མཁས་པ་ཁག་ཅིག་གིས་དབྱི་སི་ལན་གྱི་རིག་གནས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་གཉིས་ཟུང་འབྲེལ་བྱས་ཏེ། དབྱི་སི་ལན་ཆོས་ལུགས་རང་སྟེང་གི་ཁྱད་ཆོས་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་། རུའུ་ལུགས་རིག་གནས་ཀྱི་དོན་སྤྱི་མཉམ་འདྲེས་བྱས་ཏེ། “དབྱི་རུའུ་མཉམ་འདྲེས”ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད། དུས་རབས་གསར་པར། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས“དབྱི་རུའུ་མཉམ་འདྲེས”ཀྱི་ལོ་རྒྱུས་ཉམས་མྱོང་གང་ལེགས་སྒོས་སྤྱི་སྡོམ་དང་དཔྱད་གཞིར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བླང་བྱ་ལྟར། ཆོས་དོན་དང་ཆོས་ཁྲིམས་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་རྒྱས། བདེ་ཐང་དཔལ་ཡོན་གྱི་ནང་དོན་ལ་ཕན་པ་ཡོད་པ་དག་གཏིང་ཟབ་ཀྱིས་སྔོག་འདོན་བྱས་ཏེ། ཆོས་ཁྲིམས་དང་ཆོས་དོན་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་བླང་བྱ་དང་མཐུན་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པ་གསལ་འགྲེལ་བྱས་ནས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་གཏིང་ཟབ་ཏུ་སྤེལ་དགོས།

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ནམ་ཏ་ཀོང་མིན་སི་དགོན་པའི་མགོ་འཛིན་ཧྲི་ཞུས་ཝེ་ཡིས་བཤད་རྒྱུར།

ཆོས་ལུགས་ལས་རིགས་ལ་མཚོན་ནས་བཤད་ན། རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་འབྲེལ་བ་ཤེས་པ་དང་། རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་གོ་གནས་ཤེས་པ་ནི་སྤྱི་དམངས་བཟང་པོ་ཞིག་བྱེད་པ་དང་། ཆོས་དད་པ་ལེགས་པོ་ཞིག་བྱེད་པའི་དངོས་གཞིའི་བླང་བྱ་ཡིན་ལ། དེ་བས་ཀྱང་ཆོས་ལུགས་ནང་ཁུལ་དང་ཆོས་ལུགས་བར། ཆོས་ལུགས་དང་སྤྱི་ཚོགས་འཆམ་མཐུན་བར་སྐུལ་སྤེལ་བྱེད་པའི་ཁག་ཐེག་གལ་ཆེན་ཡིན། ང་ཚོས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་བར་གྱི་འབྲེལ་བ་ཡང་དག་པར་ངོས་འཛིན་དང་ཐག་གཅོད་པར་སློབ་གསོ་དང་སྣེ་ཁྲིད་དེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་ལམ་བཅས་ཀྱི་ཁྱབ་ཁོངས་སུ་སངས་རྒྱས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བ་དང་། རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་གི་སྤྱི་དམངས་བཟང་པོ་དང་དད་ལྡན་པ་བཟང་པོ་ཞིག་བྱེད་དགོས། དེ་དང་ཆབས་ཅིག “འཇིག་རྟེན་པའི་སངས་རྒྱས་ཆོས་ལུགས”ཀྱི་འདུ་ཤེས་འཛིན་པ་དང་། སྤྱི་ཚོགས་ལ་ཕན་ཁེ་བསྐྲུན་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་བྱེད་དགོས། ནང་བསྟན་ལས་རིགས་སུ་བྱམས་སྙིང་རྗེ་དང་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་ལེགས་པོ་ཡོད་པས། ནུས་ཤུགས་ཆེན་པོས་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་རྣམས་ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་སྙིང་རྗེའི་ལས་དོན་དང་གཞན་ལ་རོགས་སྐྱོར་བྱེད་པ། རང་ལ་གྲུབ་འབྲས་ཐོབ་པ། བློ་སྦྱོང་མཐོར་འདེགས་གཏོང་བ་བཅས་ཀྱི་ནང་ཞུགས་སུ་བཅུག་སྟེ། རང་ཞིང་གི་གྲོང་གསེབ་དར་སྤེལ་ཐད་སྟོབས་ཤུགས་འབུལ་དགོས།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་སུའོ་ཀྲང་ངམ་ཞིབ་འཇུག་པ་ཨོ་ཁྲུང་རུང་གིས་བཤད་རྒྱུར།

མཚོ་སྔོན་ནི་ཆོས་ལུགས་སྣ་མང་ལ་ཞིབ་འཇུག་བྱེད་སའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་ལ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་སྐར་ཁུང་ལྟ་བུའི་འགྲེམ་སྟོན་ཁུལ་ཞིག་ཡིན་ཞིང་། ཆོས་ལུགས་སོ་སོ་འཆམ་མཐུན་མཉམ་གནས་བྱས་ཡོད་པའི་དཔེ་སྟོན་ཁུལ་ཡིན་པར་མ་ཟད། ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་སྔོན་ཐོན་ས་ཁུལ་ཡང་ཡིན། ཆོས་ལུགས་རིག་པ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས་ལ། དུས་རབས་གསར་པའི་ཆོས་ལུགས་བྱ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཁོག་ཁྲོད་ཀྱི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ཡིན་པ་གཏིང་ཟབ་ཀྱིས་ཤེས་རྟོགས་བྱེད་དགོས་པ་དང་། མཚོ་སྔོན་ནི་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་དང་ཞིན་ཅང་བརྟན་འཇགས་ཡོང་བར་ཤིན་ཏུ་གལ་ཆེ་བའི་ས་གནས་ཤིག་ཡིན་པར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་རྨང་གཞིའི་བྱེད་ཕྱོགས་ཀྱིས་ཆོས་ལུགས་རིག་པའི་ཞིབ་འཇུག་ལ་མཛུབ་སྟོན་བྱེད་པ་དང་། ཞིང་ཆེན་ཕྱི་ནང་གི་ཆོས་ལུགས་རིག་པའི་ཞིབ་འཇུག་སྟོབས་ཤུགས་འཇམ་མཉེན་ལྡན་པའི་སྒོ་ནས་སྡེབ་སྒྲིག་བྱས་ནས། ཆོས་ལུགས་རིག་པའི་ཆེད་མཁས་པའི་རིག་མཛོད་ཆུང་བ་ཞིག་གསར་སྐྲུན་བྱེད་པ་དང་། དུས་རབས་གསར་པའི་ཆོས་ལུགས་བྱ་བའི་དགོས་མཁོར་དམིགས་ནས། ཆོས་ལུགས་གཞུང་ལུགས་དང་ཆོས་ལུགས་བྱ་བའི་དོ་སྣང་ཆེ་ས་དང་དཀའ་གནད་ཆེ་ས་གཅིག་ཏུ་བསྡུས་ཏེ། ཧུར་ཐག་གིས་ཏང་གི་ཆེད་དུ་ཐབས་ཇུས་འདོན་པ་དང་དམངས་ཀྱི་ཆེད་དུ་སྲིད་ཇུས་འདྲི་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཆོས་ལུགས་ཞིབ་འཇུག་ལས“མཚོ་སྔོན་གྱི་མཐོ་རླབས”ཤིག་འཕྱུར་ཏུ་འཇུག་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།