ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་མགྱོགས་མྱུར་ངང་འཛུགས་པ་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕྱོད་ནུས་མཐོར་འདེགས་བཏང་སྟེ་འཛམ་གླིང་གི་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་འཚོགས་པར་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་མགྱོགས་མྱུར་ངང་འཛུགས་པ་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕྱོད་ནུས་མཐོར་འདེགས་བཏང་སྟེ་འཛམ་གླིང་གི་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་འཚོགས་པར་མགོ་འཛིན་མཛད་པ་དང་། 《རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་མགྱོགས་མྱུར་ངང་འཛུགས་པའི་སྐོར་གྱི་བསམ་འཆར》དང《སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕྱོད་ནུས་སྔར་ལས་མཐོར་འདེགས་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《འཛམ་གླིང་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་བསམ་འཆར་འགའ》《ཚན་རྩལ་མི་ཆོས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《མི་སྒེར་གྱི་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རང་རེའི་ཏང་གི་རླབས་ཆེན་གསར་གཏོད་ཅིག་ཡིན་ལ། གནད་འགག་ནི་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོན་ཁུངས་བགོ་བཤའ་བྱེད་པའི་ཁྲོད་ཁྲོམ་རར་ཐག་གཅོད་ཀྱི་བྱེད་ནུས་འདོན་དུ་འཇུག་རྒྱུ་དང་སྲིད་གཞུང་གིས་དེ་བས་ཀྱང་བྱེད་ནུས་འདོན་རྒྱུ་དེ་ཡིན། འཕེལ་རྒྱས་གསར་པའི་གནས་སྟངས་གྲུབ་པར། ཁ་ཚ་དགོས་གཏུག་ངང་སྒྲུབ་དགོས་པ་ནི་ཕན་འབྲས་མཐོ་ལ་ཚད་ལྡན་ཡིན་པ་དང་། དྲང་སྙོམས་འགྲན་རྩོད། སྒོ་འབྱེད་ལེགས་པར་བྱེད་པའི་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་མགྱོགས་མྱུར་ངང་འཛུགས་རྒྱུ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་ལམ་ལུགས་སྒྲིག་སྲོལ་བཙུགས་ཏེ། ཚོང་རྫས་ཀྱི་གྲུབ་ཆའི་ཐོན་ཁུངས་སྔར་ལས་ཆེ་བའི་ནང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་དགོས་པ་དང་། སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕྱོད་ནུས་ཇེ་མཐོར་གཏོང་བ། ཕན་ནུས་ལྡན་པའི་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་སྔར་ལས་ཡག་པོ་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། རྩེར་སོན་ཤེས་ལྡན་པ་སྐྱེད་སྲིང་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ། འཛམ་གླིང་གི་རྩེར་སོན་བསྐྲུན་པ་བཅས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་དགོས་ལ། སྒྲིག་ནང་སྲོལ་ནང་རྐྱེན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་འཛུགས་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་རིགས་དབྱེ་བྱེད་དགོས། ཚན་རྩལ་མི་ཆོས་ནི་ཚན་རྩལ་བྱ་འགུལ་ལ་ངེས་པར་བརྩི་སྲུང་བྱ་དགོས་པའི་རིན་ཐང་ཚད་གཞི་ཞིག་ཡིན་ལ། མིའི་རིགས་ཀྱི་བདེ་སྐྱིད་སྔར་ལས་ཇེ་ཆེར་གཏོང་བ་དང་། ཚེ་སྲོག་གི་རང་དབང་ལ་བརྩི་བཀུར་དང་། དྲང་སྙོམས་དྲང་གཞག ཉེན་ཁ་ཚོད་འཛིན་འོས་འཚམ་བྱེད་པ། ཡོངས་བསྒྲགས་ཁ་གསལ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཕྱོགས་མང་མཉམ་ཞུགས་དང་། མཉམ་སྒྲུབ་མཉམ་བཅོས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཚན་རྩལ་ལེགས་ཕྱོགས་སུ་བགྲོད་པའི་རིག་གནས་འདུ་ཤེས་དང་འགན་སྲུང་ནང་རྐྱེན་བསྐྲུན་དགོས། ཀྲུང་གོའི་རྒྱལ་ཚུལ་དང་མཐུན་པ། སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ། མི་སྒེར་རང་གི་འདོད་མོས་ལྟར་ཞུགས་པ། ཁྲོམ་ར་ཅན་གྱིས་གཉེར་སྐྱོང་བྱེད་པ་བཅས་ཀྱི་མི་སྒེར་རྒན་གསོའི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ། གཞི་རྩའི་རྒན་གསོའི་ཉེན་བཅོལ་དང་། ཁེ་ལས(ལས་རིགས)ཀྱི་ལོ་འཁོར་མ་དངུལ་ལ་ཕན་ཚུན་འབྲེལ་མཐུད་བྱས་ཏེ། རྒན་གསོའི་ཉེན་བཅོལ་ཁ་གསབ་བྱེད་ནུས་མངོན་འགྱུར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཀྱི་སྟེང་ནས་ཁྲོམ་ར་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་པ། སྲིད་གཞུང་གིས་ཐོན་ཁུངས་ལ་ཐད་ཀར་བཀོད་སྒྲིག་བྱེད་ཚད་ཇེ་ཉུང་དུ་བཏང་བ། སྲིད་གཞུང་གིས་ཕྲ་མཐོང་དཔལ་འབྱོར་གྱི་བྱ་འགུལ་ལ་ཐད་ཀར་ཐེ་གཏོགས་བྱེད་ཚད་ཇེ་ཉུང་དུ་གཏོང་བ། ཐོན་དབང་སྲུང་སྐྱོབ་དང་། ཁྲོམ་རར་ཞུགས་སུ་འཇུག་པ། དྲང་སྙོམས་འགྲན་རྩོད་སོགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། རིན་གོང་བཅོས་བསྒྱུར་དང་། ས་ཞིང་། མ་རྩ། ངལ་རྩོལ་ནུས་ཤུགས། ལག་རྩལ། ཤེས་བྱ། གཞི་གྲངས་ལ་སོགས་པའི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ལ་ཁྲོམ་ར་ཅན་གྱི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། སྒེར་སྡེམ་ལ་ངོ་རྒོལ་དང་། ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་པ་དང་། ཁྲོམ་རའི་བཀག་རྒྱ་ནུས་ཤུགས་གང་ཡོད་ཀྱིས་མེད་པར་བཟོས་ནས། ཐོན་ཁུངས་སྡེབ་སྒྲིག་གི་ལས་ཕྱོད་དང་དྲང་སྙོམས་རང་བཞིན་མཐོར་འདེགས་གཏོང་བ། ཁེ་ལས་ཀྱིས་རང་བདག་ཚོང་གཉེར་དང་། དྲང་སྙོམས་འགྲན་རྩོད་བྱེད་པ། འཛད་སྤྱོད་པས་རང་དབང་གདམ་གསེས་དང་རང་བདག་འཛད་སྤྱོད་བྱེད་པ། ཚོང་རྫས་དང་རྒྱུ་ཆ་རང་དབང་ངང་འཁོར་རྒྱུག་དང་། འདྲ་མཉམ་བརྗེ་རེས་ཀྱི་དེང་རབས་ཁྲོམ་རའི་མ་ལག་མྱུར་དུ་ཆགས་པར་བྱེད་དགོས། དུས་མཚུངས་སུ། རང་རྒྱལ་གྱི་ཁྲོམ་རའི་མ་ལག་ལ་ལམ་ལུགས་སྒྲིག་སྲོལ་གཅིག་གྱུར་ཆ་ཚང་མིན་པ་དང་། རྒྱུ་ཆའི་ཐོན་ཁུངས་འཁོར་རྒྱུག་བྱེད་སྟངས་མི་ལེགས་པ། ས་གནས་སྲུང་སྐྱོབ་དང་ཁྲོམ་ར་ཁ་ཁར་དབྱེ་བ་སོགས་ཀྱི་འབུར་ཐོན་གནད་དོན་སྔར་བཞིན་གནས་ཡོད།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ལམ་ལུགས་འཛུགས་སྐྲུན་ནས་མགོ་རྩོམ་དགོས་ཤིང་། འཛུགས་གཏོར་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རའི་སྒྲིག་བཀོད་ཚད་གཞི་མཐོན་པོས་འབྲེལ་མཐུད་ཡོང་བར་སྐུལ་འདེད་བྱེད་པ། རྒྱུ་ཆ་དང་ཐོན་ཁུངས་ཀྱི་ཁྲོམ་ར་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཚོང་རྫས་དང་ཞབས་ཞུའི་ཁྲོམ་ར་གཅིག་གྱུར་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ནས་ཕན་ནུས་ལྡན་པའི་སྲིད་ཇུས་བྱེད་ཐབས་མཐོར་འདེགས་བཏང་ནས། སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་། སྒྲིག་སྲོལ་གྱི་གཅིག་མཐུན་རང་བཞིན། ལག་བསྟར་གྱི་མཉམ་སྒྲུབ་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཁྲོམ་ར་ཆེན་མོ་གཅིག་གྱུར་བྱེད་པར་བརྟེན་ནས་ཐོན་ཁུངས་གཅིག་སྡུད་དང་། འཕར་སྣོན་ལ་སྐུལ་འདེད། གསར་གཏོད་ལ་སྐུལ་ལྕག ལས་བགོས་ལེགས་སྒྱུར། འགྲན་རྩོད་ལ་སྐུལ་འདེད་བཅས་བྱེད་དགོས། ཁྲོམ་ར་གཅིག་གྱུར་དང་དྲང་སྙོམས་འགྲན་རྩོད་ལ་བར་ཆད་བཟོ་བའི་གཏན་འཁེལ་དང་སྒྲུབ་ཐབས་སྣ་ཚོགས་མྱུར་དུ་གཙང་སེལ་དང་མེད་པར་བཟོ་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་གཉིས་ཟུང་འབྲེལ་སྒོས་ལག་བསྟར་བྱས་ཏེ། ཁྲོམ་ར་ཆེན་མོ་གཅིག་གྱུར་སྒོས་འཛུགས་སྐྲུན་བྱེད་པའི་བྱ་བ་སྔོན་ལ་སྤེལ་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕྱོད་ནུས་ཇེ་མཐོར་གཏོང་བ་དང་། “སུས་དོ་དམ”དང“ཅི་ཞིག་དོ་དམ་བྱེད་པ”“ཇི་ལྟར་དོ་དམ་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་ཅི་ཐུབ་བྱེད་དགོས། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་བྱེད་པ། སུས་གཙོ་འགན་ཁུར་ན་དེས་ལྟ་སྐུལ་དོ་དམ་བྱེད་པ”བཅས་ཀྱི་རྩ་དོན་ལྟར། འགན་འཁྲི་སྦྲེལ་ཐག་ཁ་གསལ་བྱེད་པ་དང་། འགན་སྒྲུབ་ཕྱོད་ནུས་ཇེ་མཐོར་གཏོང་བ། འགན་འདྲི་འགན་འདེད་གཟབ་ནན་བྱེད་དགོས། གཙོ་གཉེར་སྡེ་ཁག་གིས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་འགན་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སོ་སོའི་ལས་འགན་ཁྱབ་ཁོངས་ནང་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་དགོས་ཤིང་། ས་གནས་སྲིད་གཞུང་གིས་མངའ་ཁོངས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། ཁེ་ལས་ཀྱིས་རང་ཉིད་དོ་དམ་དང་། རང་ཉིད་རང་གཅུན་ལ་ཤུགས་སྣོན་དགོས། སྡེ་ཁག་མང་པོར་འབྲེལ་ཞིང་དོ་དམ་གྱི་དཀའ་ཚེགས་ཆེ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་འབུར་དུ་ཐོན་པའི་ལྟ་སྐུལ་དོ་དམ་གྱི་དོན་ཚན་རྣམས་ལ། སྡེ་ཁག་ལས་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་འཛུགས་དགོས་པ་དང་། རང་འགན་རང་གིས་སྒྲུབ་པ། རང་འགན་རང་གིས་འཁུར་བ། ཕན་ཚུན་རམ་འདེགས་བྱེད་པ། མཉམ་འཛིན་སྤྱི་སྒྲུབ་ཀྱི་མཉམ་ལས་ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྤུས་ཚད་ལྟ་སྐུལ་དོ་དམ། བདེ་འཇགས་ལྟ་སྐུལ་དོ་དམ། དངུལ་རྩའི་ལྟ་སྐུལ་དོ་དམ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། ཁྱོན་ཡོངས་དང་། རིམ་པ་མང་བ། འཐུས་ཚང་བ་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་། དོན་དག་གི་མགོ་མཇུག་བར་གསུམ་གྱི་སྦྲེལ་ཐག་ཡོངས་རྫོགས་དང་ཁྱབ་ཁོངས་ཐམས་ཅད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་འགྱུར་བྱས་ནས། ལྟ་སྐུལ་དོ་དམ་གྱི་ཆད་ལུས་ཡོད་ས་ཁ་གསབ་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། གཞན་ད་རུང་མངོན་མེད་ཀྱི་ཉེན་ཁ་ཆེ་བ་དང་། སྤྱི་ཚོགས་ཀྱི་ཉེན་ཁ་ཆེ་བའི་གཙོ་གནད་ཁྱབ་ཁོངས་བཅས་སུ། གཙོ་གནད་ལྟ་སྐུལ་དོ་དམ་ལག་ཏུ་བསྟར་ནས། གཙོ་གནད་ཉེན་ཁ་འགོག་ཟོན་དང་མེད་པར་བཟོ་དགོས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་དགོས་ངེས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་མྱུར་དུ་གཏན་འཁེལ་བྱེད་པ་དང་། འགན་འཛིན་ཚད་བཀག་དང་། ཚེ་གང་བོར་ནང་དུ་ཞུགས་མི་ཆོག་པ་དང་ཚེ་གང་བོར་འགན་འཁྲི་རྩད་གཅོད་བྱེད་པའི་ལམ་ལུགས་འཛུགས་དགོས། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་སྐྲུན་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་གནད་ཁེལ་རང་བཞིན་དང་གོ་ཆོད་རང་བཞིན་མཐོར་འདེགས་གཏོང་དགོས། སྲིད་གཞུང་ལྟ་སྐུལ་དོ་དམ་གྱི་བྱ་སྤྱོད་གཟབ་ནན་ངང་ཚད་ལྡན་ཅན་དུ་བཏང་ནས། ལྟ་སྐུལ་དོ་དམ་བྱ་བའི་གོ་རིམ་ཡོངས་ལ་ཁྱབ་པའི་ལྟ་སྐུལ་དོ་དམ་གྱི་ནང་རྐྱེན་འཛུགས་པ་དང་། ལྟ་སྐུལ་དོ་དམ་གྱི་ཚད་ལྡན་རང་བཞིན་དང་གསལ་ཚད་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། འཛམ་གླིང་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་ཚན་ཡག་པོ་བསྒྲུབ་པར། ངེས་པར་ཀྲུང་གོའི་ས་ཆེན་སྟེང་རྐང་འཛུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་སྒྲུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས། ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་གནད་འགག་འདི་ཉིད་དམ་པོར་བཟུང་ནས། ཏང་གི་ཆེད་དུ་མི་སྐྱོང་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་། ཚན་རྩལ་གྱི་མདུན་གྲས་དང་གནད་འགག་ཁྱབ་ཁོངས་ལ་དམིགས་པ། རིག་ཚན་ཆེད་ལས་དང་འཇོན་མི་སྐྱེད་སྲིང་བྱེད་སྟངས་ལེགས་སྒྱུར་བྱས་ཏེ། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་བསྐྲུན་པ་དང་། ཚན་རྩལ་དང་སློབ་གསོ་མཉམ་འདྲེས་སྒོས་མི་སྐྱོང་བ། འཛམ་གླིང་གི་གལ་ཆེན་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་ངང་འཛུགས་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཚན་རྩལ་མི་ཆོས་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་པ་དང་། བཅོས་སྐྱོང་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་བ། ཚན་རྩལ་མི་ཆོས་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བར་འཕེལ་རྒྱས་ཡག་པོ་བྱུང་། གསར་གཏོད་ལ་སྐུལ་འདེད་དང་ཉེན་ཁ་འགོག་ཟོན་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། ལམ་ལུགས་ཚད་ལྡན་དང་རང་ཉིད་རང་གཅུན་གཉིས་ཟུང་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚན་རྩལ་མི་ཆོས་ཀྱི་བླང་བྱ་དེ་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་གཏོད་སོགས་ཚན་རྩལ་བྱ་འགུལ་གྱི་གོ་རིམ་ཡོངས་ལ་ཁྱབ་ཏུ་འཇུག་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སོ་སོར་ཁེབས་སུ་འཇུག་པ། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་སྔོན་མཐོང་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་སྒྲིག་སྲོལ་ལམ་ལུགས་སྟེང་ཁ་གཏད་ཡག་པོ་འཇལ་ཏེ། ཚན་རྩལ་བྱ་འགུལ་གྱི་ཉེན་ཁ་ཚོད་འཛིན་ཐུབ་པར་ཁག་ཐེག་ནན་མོ་བྱེད་དགོས། ཚན་རྩལ་མི་ཆོས་ཀྱི་གནད་དོན་ཡོངས་ཁྱབ་ཅན་དུ་འགྱུར་བར་གཡོལ་ཏེ། ཚན་རྩལ་གསར་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་འཁོར་སྐྱོད་ཡག་པོ་ཡོང་བ་ཧུར་ཐག་སྒོས་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་མང་བ་དང་། རྟེན་གཞི་མང་བའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཕེལ་རྒྱས་གཏོང་རྒྱུ་ནི། མི་གྲངས་རྒས་འཁོགས་ཅན་དང་། རྒན་གསོའི་ཉེན་བཅོལ་ལམ་ལུགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ་མངོན་འགྱུར་ཡོང་བར་ཧུར་ཐག་སྒོས་ཁ་གཏད་འཇལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལམ་ལུགས་ཇུས་འགོད་འཐུས་ཚང་ཅན་དུ་གཏོང་བ་དང་། རྒྱལ་ཁབ་དང་། ལས་ཁུངས་དང་མི་སྒེར་བཅས་ཀྱི་རྒན་གསོའི་འགན་འཁྲི་དབྱེ་འབྱེད་འོས་འཚམས་བྱས་ཏེ། མི་སྒེར་གྱིས་རྒན་གསོའི་མ་དངུལ་གསོག་འཇོག་ལ་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས། ལྟ་སྐུལ་དོ་དམ་ཇེ་དམ་དུ་གཏོང་བ་དང་། ཆ་སྒྲིག་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ལག་བསྟར་བྱེད་ཐབས་དང་། ནོར་སྲིད་སྲིད་ཇུས། དངུལ་རྩའི་ཐོན་རྫས་སྒྲིག་སྲོལ་སོགས་དམ་འཛིན་དང་གཏན་འཁེལ་གསལ་པོ་བྱས་ནས། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཤེས་ཐུབ་པ། སྤྱོད་བདེ་བ་བཅས་བྱེད་དགོས་པ་དང་། ཞུགས་མཁན་ཕྱོགས་སོ་སོར་བསྲུང་བྱ་ཡོད་པ་དང་། ལམ་ལུགས་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་ཞིབ་བཤེར་བྱེད་ཐུབ་ཏུ་འཇུག་དགོས།

ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།