ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"འོག་གི་ཞང་ཀང་གི་དམངས་གཙོ་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་པར་སྐྲུན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

《"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"འོག་གི་ཞང་ཀང་གི་དམངས་གཙོ་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས20ཉིན《"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"འོག་གི་ཞང་ཀང་གི་དམངས་གཙོ་འཕེལ་རྒྱས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་པར་སྐྲུན་བྱས་པ་དང་། ཕྱོགས་ཡོངས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོའི་བྱུང་བ་དང་འཕེལ་རྒྱས་ཀྱི་གོ་རིམ་ལ་ཕྱིར་དྲན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་ཀྱི་གཞི་རྩའི་ལངས་ཕྱོགས་གསལ་འགྲེལ་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཞང་ཀང་ལ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དབང་བསྒྱུར་འོག་དམངས་གཙོ་ཟེར་བ་གཏན་ནས་མེད། ཀྲུང་གོ་སྲིད་གཞུང་གིས་ཞང་ཀང་གི་བདག་དབང་སླར་གསོ་བྱས་རྗེས་"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ལ་འཐབ་ཇུས་ལག་བསྟར་བྱས་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོའི་ལམ་ལུགས་གསར་འཛུགས་བྱས་པ་མ་ཟད། ལག་ལེན་ཁྲོད་མུ་མཐུད་དུ་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཞང་ཀང་གི་དམངས་གཙོ་གསར་འཛུགས་དང་འཕེལ་རྒྱས་གཏོང་བའི་ཆོད་སེམས་དང་ལྷག་བསམ། དེའི་ཐད་ཀྱི་འབད་བརྩོན་ནི་ནམ་ཡང་ལྷོད་པ་མེད་ལ་ཀུན་གྱི་མཐོང་གསལ་དུ་གྱུར་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཀྲུང་གོར་ངོ་རྒོལ་དང་ཞང་ཀང་ཟིང་འཁྲུག་བཟོ་བའི་སྟོབས་ཤུགས་ཀྱིས་དམིགས་བསལ་ཁུལ་གྱི་བཅོས་སྐྱོང་དབང་ཆ་འཕྲོག་པ་དང་མདོག་ལྡན་གསར་བརྗེ་ལག་བསྟར་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་རྩ་དོན་གྱི་ཚད་མཐའ་ལ་འགྲན་སློང་བྱས་ཤིང་། དམིགས་བསལ་ཁུལ་གྱི་སྒྲིག་ཁྲིམས་ལམ་ལུགས་ལ་གཏོར་བརླག་དང་ཞང་ཀང་གི་ཁྲིམས་སྐྱོང་ལ་གཏོར་བརླག་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་གནོད་སྐྱོན་གཏོང་བའི་བྱ་འགུལ་སྣ་ཚོགས་སྤེལ། དོན་དངོས་ལས། ཀྲུང་གོར་ངོ་རྒོལ་དང་ཞང་ཀང་ཟིང་འཁྲུག་བཟོ་བའི་སྟོབས་ཤུགས་དང་དེའི་རྒྱབ་ཕྱོགས་ཀྱི་ཕྱིའི་དགྲར་འཛིན་སྟོབས་ཤུགས་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་སུ་འགྲོ་བར་བཀག་འགོག་བྱེད་པའི་ཉེས་ཅན་གཙོ་བོ་ཡིན་པ་ཡང་བསྐྱར་གསལ་བཤད་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གིས་དུས་དཔགས་བབ་བསྟུན་གྱིས། བཅའ་ཁྲིམས་དང་གཞི་རྩའི་ཁྲིམས་ལུགས་ལ་གཞིགས་ནས་དམིགས་བསལ་སྲིད་འཛིན་ཁུལ་དུ་ཕྱོགས་ཡོངས་ཀྱི་དོ་དམ་བཅོས་སྐྱོང་དབང་ཆ་ལག་བསྟར་བྱེད་པ་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་གཞི་རྩའི་ཁྲིམས་ལུགས་དང་མཉམ་དུ་འབྲེལ་ཡོད་ཀྱི་ལམ་ལུགས་སྒྲིག་སྲོལ་འཐུས་ཚང་དུ་དུ་གཏོང་བའི་གཙོ་གནད་ཇུས་ཆོད་བཟོས་ཤིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་སྒྲིག་ལམ་དང་ལག་བསྟར་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བདེམས་བསྐོ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བློ་ཐག་རྦད་ཆོད་ཀྱིས"རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི"རྩ་དོན་དངོས་འབེབས་བྱས། རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་འདིས་ཞང་ཀང་གི་གནས་བབ་དེ་ཟིང་ལོང་ནས་བཅོས་སྐྱོང་ཐོབ་པའི་བར་གྱི་འགྱུར་ལྡོག་གལ་ཆེན་འབྱུང་བར་སྐུལ་འདེད་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་དེ་ཡང་བསྐྱར་བདེན་དྲང་གི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ཡོད།

2.jpg

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བ་ནི་ཞང་ཀང་སྡོད་དམངས་ཀྱི་དམངས་གཙོ་ཁེ་དབང་ལ་འགན་སྲུང་དང་སྲིད་གཙང་བཅོས་བཟང་མངོན་འགྱུར་བྱེད་པ། ཞང་ཀང་གི་ཡུན་རིང་དར་རྒྱས་གཏན་འཇགས་དང་ཡུན་རིང་བདེ་འགོད་ལ་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་ལ་གཞི་རྩའི་འགན་སྲུང་མཁོ་སྤྲོད་བྱས་ཡོད། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་ལག་ལེན་ཡུན་རིང་དུ་བསྟར་བར་ཁག་ཐེག་བྱས་ཏེ་མུ་མཐུད་དུ་ཞང་ཀང་གི་དམངས་གཙོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལ་ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས"རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི"རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས། ངེས་པར་དུ"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་བྱེད་ཕྱོགས་དང་གཞི་རྩའི་ཁྲིམས་ལུགས་ལ་གཞིགས་ཏེ། ཞང་ཀང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། ལོ་རྒྱུས་སོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཞང་ཀང་གི་ཁྱད་ལྡན་དམངས་གཙོའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས།

རྒྱབ་ཤ་དཀར་པོའི་དེབ་ལས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་རླབས་ཆེའི་གསར་གཏོད་ཡིན་པའི་ཆ་ནས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"དེ་ཞང་ཀང་གི་ལག་ལེན་ཁྲོད་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད་པ་དང་། དེར་སྐྱེ་སྟོབས་ཀྱི་གསོན་ཤུགས་དང་སྒྲིག་སྲོལ་གྱི་མཉེན་ཆ་ཆེན་པོ་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ནང་ལོག་ཏུ་དོ་དམ་དང་འཛུགས་སྐྲུན་གང་ལེགས་བྱེད་ཐུབ་པ་དང་། མ་རྩ་རིང་ལུགས་ཀྱི་ལམ་ལུགས་དེ་ཞང་ཀང་དུ་དོ་དམ་དང་འཛུགས་སྐྲུན་གང་ལེགས་བྱེད་ཐུབ་པར་ཡིད་ཆེས་དང་རིག་པ། ནུས་པ་བཅས་ཡོད་པར་མ་ཟད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོན་དངོས་གནས་ཚུལ་དང་འཚམ་པའི་དམངས་གཙོ་འཛུགས་སྐྲུན་དང་འཕེལ་རྒྱས་གང་ལེགས་གཏོང་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས་བསྟན་དོན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཟིང་སེལ་ཡོ་བསྲང་དང་བཅོས་སྐྱོང་ནས་དར་རྒྱས་ཀྱི་དུས་སྐབས་གསར་བ་བསུ་བཞིན་ཡོད། ཆབ་སྲིད་དམངས་གཙོ་དང་ཁྲིམས་སྐྱོང་འཐུས་ཚང་། རང་དབང་སྒོ་འབྱེད། ཁོང་ཡངས་འཆམ་མཐུན། དར་རྒྱས་གཏན་འཇགས། ལྷག་བསམ་རྒྱལ་གཅེས། འཛམ་གླིང་ལ་ཁ་ཕྱོགས་པའི་ཞང་ཀང་ཞིག་སྔར་ལས་ལྷག་པའི་སྒོ་ནས་མི་རྣམས་ཀྱི་སྤྱན་སྔར་བཀྲམས་ནས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ལ་ཞང་ཀང་གི་ལག་ལེན་ཁྲོད་སྔར་ལས་ཆེ་བའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།