ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་དང་ལི་ཁེ་ཆང་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས8ཉིན་ནས་ཚེས10ཉིན་བར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། 2021ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་དང་། ད་ལྟའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ། 2022ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་མཛད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་བྱ་བར་བྱེ་བྲག་གི་བཀོད་སྒྲིག་མཛད་པར་མ་ཟད། སྤྱི་བསྡོམས་ཀྱི་གསུང་བཤད་གནང་།

གྲོས་ཚོགས་ཀྱིས་བལྟས་ན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ངང་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་འཇུག་བྱེད་པའི་ཐབས་ལམ་གསར་པའི་མགོ་ཚུགས། ལོ་བརྒྱའི་རིང་གི་འཕོ་འགྱུར་ཆེན་པོ་དང་དུས་རབས་ཤིག་གི་རིམས་ནད་ལ་བབ་བརླིང་ངང་གདོང་གཏད་དེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པར་གོམ་སྟབས་གསར་པ་སྤོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ཤིང་། “ལྔ་བཅུ་བཞི”ཡི་མགོ་ལེགས་པོ་ཞིག་བརྩམས་ཐུབ་པ་བྱུང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནི་འཛམ་གླིང་ཡོངས་ཀྱི་སྔོན་གྲས་སུ་ཡོད་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་མགྱོགས་དང་སྟོབས་ལྡན་དུ་བཏང་བ་དང་། ཐོན་ལས་སྦྲེལ་ཐག་གི་མཉེན་ཆ་ཇེ་ཆེ་དང་། བཅོས་བསྒྱུར་སྒོ་འབྱེད་ནི་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་སྤེལ་བྱས་ཏེ། དམངས་འཚོའི་འགན་སྲུང་ལ་ཤུགས་བཏོན་པ་དང་ཕན་ནུས་ལྡན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། གྲུབ་འབྲས་འདི་དག་བླངས་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མགོ་ཁྲིད་བརྟན་པོ་བྱས་པའི་འབྲས་བུ་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིམ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུའང་ཡིན་པར་སྙམ།

གྲོས་ཚོགས་ཀྱིས་བསྟན་དོན། བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པའི་དུས་མཚུངས་སུ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་དགོས་མཁོ་ཇེ་ཆུང་དུ་སོང་བ་དང་། མཁོ་སྤྲོད་ཀྱི་ཚུར་རྒོལ་དང་། སྔོན་དཔག་ཏུ་མ་སླེབས་པ་བཅས་ཀྱི་གནོན་ཤུགས་ཆེན་མོ་གསུམ་ཡང་ངེས་པར་དུ་མཐོང་དགོས། དུས་རབས་ཤིག་གི་རིམས་ནད་ཀྱི་ཚུར་རྒོལ་འོག ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་སོང་ལ། ཕྱིའི་ཁོར་ཡུག་ནི་སྔར་ལས་རྙོག་འཛིང་ཛ་དྲག་དང་ངེས་གཏན་བྲལ་བའི་ཕྱོགས་སུ་འཕེལ། ང་ཚོས་དཀའ་ངལ་ལ་དོ་སྣང་བྱེད་དགོས་པར་མ་ཟད། ཡིད་ཆེས་ཇེ་བརྟན་དུ་ཡང་གཏོང་དགོས། རང་རྒྱལ་དཔལ་འབྱོར་གྱི་མཉེན་ཆ་ཆེ་ལ། ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་རྩ་བའི་གནས་ཚུལ་ལ་འགྱུར་ལྡོག་འབྱུང་མི་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཇི་ལྟར་འགྱུར་རུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་དོན་དག་ལེགས་སྒྲུབ་བྱས་ཏེ། དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་བཏང་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། རང་འགུལ་ངང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་དང་ཞིབ་ཏུ་བསྡུར་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་བཅོས་བསྒྱུར་གཏིང་ཟབ་ཡོང་བར་ཡར་སྐུལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱིས་བལྟས་ན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ལག་ལེན་ཁྲོད། ང་ཚོས་དཔལ་འབྱོར་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་ལེགས་སྒྲུབ་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་གསོག་འཇོག་བྱས་ཏེ། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འགྲན་སློང་ཆེན་མོར་བབ་བརླིང་ངང་གདོང་གཏད་དེ། གོམ་འགྲོས་གཅིག་གིས་མདུན་སྐྱོད་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་ནི་ཏང་གི་རྩ་བའི་ལམ་ཕྱོགས་ཀྱི་བླང་བྱ་ཡིན་སྟབས། ཏང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ལག་ལེན་མཐར་ཕྱིན་བྱས་ཏེ། དཔལ་འབྱོར་ངོ་བོའི་ཐོག་ནས་གཏན་འཇགས་ངང་གོང་འཕེལ་འགྲོ་བ་དང་གྲངས་ཚད་ཀྱི་ཐོག་ནས་ལུགས་མཐུན་ངང་འཕར་བར་སྐུལ་སྤེལ་བྱེད་དགོས། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་ལེགས་སྒྲིག་དང་བཅོས་བསྒྱུར་སྐུལ་སྤེལ་གྱི་དུས་དང་ཚད་དང་ནུས་པ་བཅས་ལ་ཚོད་འཛིན་ལེགས་པོ་བྱེད་དགོས་པ་དང་། སྔོན་ལ་རྐང་ཚུགས་པ་དང་རྗེས་སུ་འགག་གཏོར་བྱས་ཏེ། ཏན་ཏིག་དང་བརྟན་བརླིང་ཡོང་བ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བར་ངེས་པར་དུ་ཤུགས་བསྣན་ནས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སང་ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་ལ། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་སྟབས། གཏན་འཇགས་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་ཅིག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག སྲོལ་གཙང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་བཅས་རྒྱུན་སྲུང་བྱེད་དགོས། སང་ལོའི་དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱས་ཏེ། རླབས་ཆེ་བའི་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་གང་མགྱོགས་ངང་འཛུགས་པ་བཅས་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། གསར་སྐྲུན་གྱིས་འཕེལ་རྒྱས་འདེགས་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད། “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་བྱེད་དགོས། རྒྱུན་མཐུད་ངང་དམངས་འཚོ་ལེགས་བཅོས་བྱས་ཏེ། སྤྱི་ཁོག་དཔལ་འབྱོར་ཆེན་མོ་གཏན་འཇགས་སུ་གཏོང་ཅི་ཐུབ་བྱེད་པ་དང་། ལུགས་མཐུན་གྱི་ཁྱབ་ཁོངས་ནས་དཔལ་འབྱོར་འཁོར་རྒྱུག་བྱེད་པ་རྒྱུན་སྲུང་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་གཏན་འཇགས་ཡོང་བ་རྒྱུན་སྲུང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

གྲོས་ཚོགས་ཀྱི་བླང་བྱ་བཏོན་པ་སྟེ། སང་ལོའི་དཔལ་འབྱོར་བྱ་བ་གཙོ་བོ་བརྟན་བརླིང་ཡིན་དགོས་ལ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་དགོས་ཤིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁོག་དཔལ་འབྱོར་ཆེན་མོ་བརྟན་བརླིང་ཡོང་བའི་འགན་འཁྲི་ཁུར་དུ་བླངས་ནས། ཕྱོགས་སོ་སོ་ནས་དཔལ་འབྱོར་བརྟན་བརླིང་ཡོང་བར་ཕན་པའི་སྲིད་ཇུས་ཧུར་ཐག་གིས་སྤེལ་ཏེ། སྲིད་ཇུས་ཀྱི་ནུས་པ་འོས་འཚམ་ངང་སྔོན་དུ་འདོན་དགོས།

གཅིག་ནི་སྤྱི་ཁོག་སྲིད་ཇུས་བརྟན་བརླིང་དང་སྐྱོན་བྲལ་དང་ནུས་ལྡན་བཅས་ཡིན་དགོས་པ།

གཉིས་ནི་བྱེ་བྲག་སྲིད་ཇུས་ཀྱིས་ཚོང་རའི་གཙོ་གཞིའི་གསོན་ཤུགས་རྒྱུན་ཆད་མེད་པར་སློང་དགོས་པ།

གསུམ་ནི་གྲུབ་ཚུལ་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་བཀག་མེད་ཡོང་ཅི་ཐུབ་བྱེད་དགོས་པ།

བཞི་ནི་ཚན་རྩལ་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱ་དགོས།

ལྔ་ནི་བཅོས་བསྒྱུར་སྒོ་འབྱེད་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་ནུས་པ་འདོན་དགོས།

དྲུག་ནི་ས་ཁོངས་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

བདུན་ནི་སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་བཅས་སོ། །

གྲོས་ཚོགས་ཀྱིས་བལྟས་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་རྗེས། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། གཞུང་ལུགས་གལ་ཆེན་དང་ལག་ལེན་ཐད་ཀྱི་གནད་དོན་གསར་པ་མང་པོར་འཕྲད་ཡོད་པས། ཡང་དག་པའི་སྒོ་ནས་ངོས་འཛིན་དང་ཁོང་དུ་ཆུད་དགོས་པར་སྙམ།

ཐུན་མོང་ཕྱུག་འགྱུར་གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་དང་ལག་ལེན་ཐབས་ལམ་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པ་བྱེད་དགོས། མ་རྩའི་ཁྱད་གཤིས་དང་བྱ་སྤྱོད་ཆོས་ཉིད་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་དགོས། དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་འགན་སྲུང་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་དགོས། ཚབས་ཆེའི་ཉེན་ཁ་འགོག་ཟོན་དང་སེལ་བ་ལ་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམས་འཛིན་ཡོང་བར་ཡང་དག་པར་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་དང་། ཁྱད་པར་དུ་ལས་ཞུགས་དང་དམངས་འཚོ་དང་ཚོང་རའི་བྱེད་པོ་བཅས་ཀྱི་འགན་སྲུང་མུ་མཐུད་དུ་ལེགས་པོ་བསྒྲུབ་དགོས་ཤིང་། དཔལ་འབྱོར་འཁོར་སྐྱོད་འོས་འཚམ་གྱི་ཁྱབ་ཁོངས་ནང་རྒྱུན་འཁྱོངས་བྱེད་པར་དམིགས་ཏེ། སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་དང་བཅོས་བསྒྱུར་བྱེད་པ། སྤྱི་ཁོག་སྲིད་ཇུས་ཀྱིས་དུས་འཁོར་བརྒལ་ནས་སྙོམ་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་གྱི་སྔོན་མཐོང་རང་བཞིན་དང་དམིགས་གཏད་རང་བཞིན་མཐོ་རུ་གཏོང་དགོས། ཚོང་རའི་བྱེད་པོས་མི་གྲངས་དུང་ཕྱུར་མང་པོའི་ལས་ཞུགས་དང་ལས་གཏོད་འགན་དུ་བླངས་ཡོད། ཚོང་རའི་བྱེད་པོ་ལ་ཁ་གཏད་དེ་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་གསར་པ་མུ་མཐུད་དུ་ལག་ཏུ་བསྟར་དགོས་པ་དང་། ཁོ་ཚོར་དང་ཁྱད་པར་ཁེ་ལས་འབྲིང་ཆུང་དང་། ཁེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་ཁུར་པོ་ཇེ་ཡང་དང་དཀའ་ངལ་སེལ་རོགས་བྱས་ཏེ། འཕེལ་རྒྱས་སླར་གསོ་ཡོང་བར་རོགས་རམ་བྱེད་དགོས། དངོས་གཟུགས་དཔལ་འབྱོར་གྱི་མ་རྩ་བསྡུ་རུབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་འབྲིང་ཆུང་གི་མ་རྩ་བསྡུ་རུབ་ཀྱི་འཕར་ཚད་དང་། རྒྱ་བསྐྱེད། རིན་གཅོག་བཅས་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་དམ་འཛིན་ལེགས་པོ་བྱེད་པ་དང་། ལས་ཞུགས་བརྟན་སྲུང་བྱེད་ཐབས་དོན་འཁྱོལ་དང་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། ནོར་ཤུགས་གཞི་རིམ་དུ་གཏོང་བར་སྐུལ་འདེད་བྱས་ཏེ། གཞི་རིམ་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། གཞི་རྩའི་དམངས་འཚོ་དང་ཟླ་ཕོགས་དང་འཁོར་སྐྱོད་བཅས་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་དགོས། སོལ་གློག་སྣུམ་རླངས་སྐྱེལ་འདྲེན་སོགས་ཀྱི་སྙོམ་སྒྲིག་ལ་ཤུགས་བསྣན་ཏེ། གློག་ཤུགས་མཁོ་སྤྲོད་གང་ལེགས་ཡོང་བར་སྐུལ་འདེད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ལ། ཚོང་ར་ཅན་གྱི་ནང་རྐྱེན་བཀོལ་ཏེ་ཁེ་ལས་ཀྱིས་གསར་གཏོད་དང་མ་དངུལ་གཏོང་བར་སྐུལ་ལྕག་གཏོང་དགོས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཚོང་རའི་བྱེད་པོ་སོ་སོའི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་པ་དང་། སྲིད་ཇུས་ལ་ཕྱོགས་ལྷུང་མེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དེ། བྱེད་ཐབས་སྣ་མང་ལ་བརྟེན་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་ཡོང་བར་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་པ། ཕྱི་ཕྱོགས་ཀྱི་མ་དངུལ་འགུག་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་པ་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱན་སྲུང་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་མཐོར་གཏོང་དགོས་ལ། ད་དུང་ངེས་པར་དུ་ལོ་རྒྱུས་ཤེས་བྱ་སློབ་སྦྱོང་དང་། རིག་གནས་རྔམས་ཁ་མཐུག་པོར་གཏོང་བ། སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཤིང་། འགུལ་སྐྱོད་ཀྱི་ཐོག་དོན་འཁྱོལ་བྱས་ནས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དོན་དངོས་བྱ་སྤྱོད་ཐོག་མངོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་བྱ་སྤྱོད་ཐོག་མངོན་པར་བྱེད་པ། ཏང་གི་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ཀྱི་འགན་འཁུར་རོགས། དམངས་ཆེད་དུ་གསོལ་འབུལ་བྱེད་པ་བཅས་ཀྱི་དོན་དངོས་བྱ་སྤྱོད་ཐོག་མངོན་པར་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། དཔལ་འབྱོར་ལས་དོན་ལ་སྣེ་ཁྲིད་པར་ངེས་པར་དུ་ཕྱི་རོལ་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་བྱེད་དགོས་པ་དང་། ངེས་པར་དུ་མ་ལག་ལྡན་པའི་བསམ་བློ་ཡོད་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་པའི་ཆེད་ལས་ནུས་པ་མཐོ་རུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནི་མ་ལག་ཅན་གྱི་བཟོ་འགོད་ཅིག་ཡིན་པས། ངེས་པར་དུ་འཐུས་སྒོ་ཚང་བའི་སྒོ་ནས་ཆབ་སྲིད་དང་དཔལ་འབྱོར། དངོས་ཡོད་དང་ལོ་རྒྱུས། དངོས་པོ་དང་རིག་གནས། འཕེལ་རྒྱས་དང་དམངས་འཚོ། ཐོན་ཁུངས་དང་སྐྱེ་ཁམས། རྒྱལ་ནང་དང་རྒྱལ་སྤྱི་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་དགོས། མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་རིག་པའི་ཤེས་བྱ་དང་། ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱེད་པར་ཤུགས་སྣོན་དགོས་པ་དང་། ཁྱད་པར་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྟོགས་ཤིང་ཁོང་དུ་ཆུད་པར་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ལོ་རྒྱུས་ལ་གུས་ཞེད་ཡོད་པ། རིག་གནས་ལ་གུས་ཞེད་ཡོད་པ། སྐྱེ་ཁམས་ལ་གུས་ཞེད་ཡོད་པ། ཇུས་ཆོད་གཟབ་ནན་བྱེད་པ། དབང་ཆ་གཟབ་ནན་ངང་སྤྱོད་པ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། “ནན་གསུམ་རྣལ་གསུམ”རྒྱུན་འཁྱོངས་བྱེད་པ། སྟབས་བདེ་ཅན་དང་། གང་འདོད་བྱེད་པ་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། འགན་འཁྲི་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། “ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་། ནང་ནས་བསྐྱར་དུ་འཕར་བ་སྔོན་འགོག”རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ལ་གནད་དུ་ཁེལ་བའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་བསྒྲུབ་དགོས། སོལ་གློག་སྣུམ་རླངས་སྐྱེལ་འདྲེན་བཅས་མཁོ་སྤྲོད་འགན་སྲུང་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། འབྲུ་སྣུམ་ཤ་སྒོང་དང་འོ་མ། ཤིང་ཏོག སྔོ་ཚལ་བཅས་ཀྱི་མཁོ་སྤྲོད་ལ་འགན་སྲུང་དང་རིན་གོང་གཏན་འཇགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་པ་གླ་རྒྱག་པའི་གླ་ཕོགས་སྤྲོད་རྒྱུར་འགན་སྲུང་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་དགོས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་། དགུན་ཁའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་ནུས་ཤུགས་གང་ཡོད་ཀྱིས་ལེགས་པོར་བསྒྲུབ་དགོས་པ་དང་། སྟབས་བདེ་དང་། བདེ་འཇགས། ངོ་མཚར་ལྡན་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་བསྒྲུབ་པར་ཁག་ཐེག་ནན་མོ་བྱེད་དགོས།

གྲོས་ཚོགས་ཀྱིས་འབོད་སྐུལ་བཏང་དོན། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། “འདུ་ཤུས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ལེགས་པོ་གཏོང་བ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་ཀྱིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།