ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ལ་རྟོག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྟབས་བདེ་དང་བདེ་འཇགས། ངོ་མཚར་བའི”འགྲན་བསྡུར་གཉེར་བའི་བླང་བྱར་གཞིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་འབུར་ཐོན་གནས་བབ་ཐོག་བཞག་ཅིང་། གྲ་སྒྲིག་ལས་དོན་སོ་སོ་གང་ལེགས་ཅི་ལེགས་ངང་དོན་འཁྱོལ་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དུས་ལྟར་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱེད་དགོས། 

ཧན་ཀྲིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་ཚོར་ཕེབས། ཐང་ཆེན་ཁུལ་དུ་རིག་གནས་འགྲེམས་སྟོན་དང་ཚོང་ལས་ཞབས་ཞུ་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། ལུས་རྩལ་པའི་ལས་ཤག་ཏུ་དཔེ་མཚོན་ཁང་པར་གཟིགས་ཞིབ་གནང་ནས་ལུས་རྩལ་པའི་ལས་ཤག་གི་བགྲོད་ལམ་འཆར་འགོད་དང་། ཁང་པའི་བགོ་བཤའ། “ཁུལ་གསུམ་བགྲོད་ལམ་གཉིས”ཀྱི་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཕྱོགས་བསྡུས་སྨན་ཁང་དུ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་འགོག་སྲུང་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། སྨྱན་སྦྱོར་གཙོ་བོའི་ལྟེ་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཐིང་དང་། ཡི་གེའི་གསར་འགོད་པའི་ལས་དོན་ཁུལ། རིག་ལྡན་ཟ་ཁང་བཅས་ལ་གཟིགས་པ་དང་། སྨྱན་སྦྱོར་གཙོ་བོའི་ལྟེ་བའི་འགྲེམས་ཁང་གི་གཉེར་སྐྱོང་དང་། རིགས་སོ་སོའི་འཛད་སྤྱོད་པའི་བགྲོད་ལམ་རྩ་འཛུགས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཧན་ཀྲིན་གྱིས་བསྟན་དོན། རིམས་ནད་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་བའི་ཚོད་བགམ་ཆེན་པོ་ཞིག་ཡིན་པས། ཐོག་མཐའ་ཀུན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དམ་པོར་བཟུང་ནས། བརྒྱུད་རིམ་ཧྲིལ་པོ་དང་གདུབ་ཟུམ་དོ་དམ་གྱི་གོ་རིམ་ཇེ་ལེགས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལག་བསྟར་ནན་མོ་བྱས་ཏེ། གནད་འཁེལ་སྔོན་འགོག་དང་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས། གོ་ཆོད་དང་འདང་ངེས། དངོས་ཕན་བཅས་མཐའ་འཁྱོངས་བྱས་ཏེ། སྡོད་ཁང་དང་བཟའ་བཏུང་། འགྲིམ་འགྲུལ། སྨན་བཅོས། བདེ་འཇགས་འགན་ལེན་སོགས་འགྲན་བསྡུར་ཞབས་ཞུའི་འགན་ལེན་བྱ་བ་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་དགོས། གསར་འགྱུར་དྲིལ་བསྒྲགས་དང་རིག་གནས་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ནས། ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱུན་མཐུད་ངང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། 

འདི་ནི་ཧན་ཀྲིན་གྱིས་རྒྱལ་ཁབ་མགྱོགས་ཤུད་ཁང་དུ་འགྲན་རའི་འཛུགས་སྐྲུན་དང་འགྲན་བསྡུར་གྱི་གྲ་སྒྲིག ལུས་རྩལ་ཁང་གི་འཁྱགས་བཟོ་སོགས་ཀྱི་གནས་ཚུལ་སྙན་ཞུ་གསན་བཞིན་པའི་ཚུལ་རེད། 

ཧན་ཀྲིན་གྱིས“འཁྱགས་དར་ཁུལ”ཞེས་བརྗོད་པའི་རྒྱལ་ཁབ་ཀྱི་མྱུར་ཤུད་ཁང་དུ“པེ་ཅིང་དུ་ལྷན་འཛོམས་བྱེད”ཅེས་པའི་རིམ་སྤེལ་ཚོད་ལྟའི་འགྲན་བསྡུར་གྱི་སྙན་སེང་བརྙན་རིས་བལྟས་པ་དང་། ཚོགས་རའི་འཛུགས་སྐྲུན་དང་འགྲན་བསྡུར་གྲ་སྒྲིག ལུས་རྩལ་ཁང་གི་འཁྱགས་བཟོ་སོགས་ཀྱི་གནས་ཚུལ་སྙན་ཞུ་ཉན་པ་རེད། རྒྱལ་ཁབ་ལུས་རྩལ་ཁང་དུ་ཕྱིན་ནས། ལུས་རྩལ་ཁང་གི་སྒྲིག་གཞི་དང་ནུས་པའི་ཁུལ་དབྱེ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། འཁྱགས་ལྟིར་འགྲན་ཡུལ་དང་ལུས་རྩལ་པའི་གོས་བརྗེ་ཁང་གི་སྒྲིག་བཀོད་གནས་ཚུལ་ལ་ལྟས། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ“ཆུ་འཁྱག་བརྗེ་སྒྱུར”དང་། འགྲན་རའི་བསྒྱུར་བཀོད། ཨོ་ལིམ་ཕིག་ཁྱིམ་ཚང་ཆེན་མོའི་སྣེ་ལེན། འགྲན་བསྡུར་བྱ་ཡུལ་གྱི་མཛེས་ལྗོངས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་སུ་འཁྱག་ལྟིར་འགྲན་བསྡུར་རྣམ་གྲངས་ལ་རྟོག་ཞིབ་བྱས་ཤིང་། ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་པ་རེད། ཧན་ཀྲིན་གྱིས་བསྟན་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། འཆར་འགོད་ལྟར་སྤུས་ཚད་མཐོ་བའི་ལུས་རྩལ་ཁང་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་དང་། ལུས་རྩལ་ཁང་བཀོད་སྤྱོད་ལས་དོན་ཡག་པོར་བསྒྲུབས་ནས། འགྲན་བསྡུར་བདེ་བླག་ངང་གཉེར་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། འགྲན་བསྡུར་རྗེས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་གི་བེད་སྤྱོད་བྱ་བར་ཞིབ་འཇུག་ནན་ཏན་བྱས་ཏེ། འགྲན་བསྡུར་གལ་ཆེན་གཉེར་བ་དང་དམངས་ཡོངས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱས་ནས། གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

འདི་ནི་ཧན་ཀྲིན་གྱིས་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་ཀྱི་ཡུལ་དངོས་སུ་འཁྱག་ལྟིར་འགྲན་བསྡུར་རྣམ་གྲངས་ལ་རྟོག་ཞིབ་བྱས་ཤིང་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་བྱེད་བཞིན་པའི་རྣམ་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་ཚའེ་ཆི་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།