ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིང་གི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་པེ་ཅིང་དུ། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྟབས་བདེ་དང་བདེ་འཇགས། ངོ་མཚར་ཅན་བཅས་ཀྱི་འགྲན་བསྡུར་གཉེར་རྒྱུའི་བླང་བྱར་དམིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་གལ་ཆེན་དུ་བཟུང་ནས་ཡག་ཐོག་ཡག་བརྩེག་དང་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དུས་བཅད་ལྟར་བདེ་བླག་ངང་གཉེར་ཐུབ་པར་འགན་ལེན་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། རིམས་ནད་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་བར་ཆ་མཚོན་ནས་བཤད་ན་ཚོད་བགམ་གལ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞི་རྩ་དམ་པོར་འཛིན་པ་དང་། གོ་རིམ་ཧྲིལ་པོའི་སྒོ་རྒྱག་དོ་དམ་གྱི་ལས་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལག་བསྟར་ནན་མོ་བཅས་བྱས་ནས། གནད་འཁེལ་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས། གོ་ཆོད་དང་འདང་ངེས། སྤྱོད་གོ་ཆོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞག་སྡོད་དང་བཟའ་བཏུང་། འགྲིམ་འགྲུལ། སྨན་བཅོས། བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་འགྲན་བསྡུར་ཞབས་ཞུའི་འགན་ལེན་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་དགོས།  གསར་འགྱུར་དྲིལ་བསྒྲགས་དང་རིག་གནས་ཁྱབ་བརྡལ་ལ་ཤུགས་སྣོན་རྒྱག་པ་དང་། ཨོ་ལིན་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། འཆར་འགོད་ལྟར་སྤུས་ཚད་མཐོ་པོས་འགྲན་ར་དང་དེ་བཞིན་མ་ལག་ཆ་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས། འགྲན་ར་འཁོར་རྒྱུག་ལས་དོན་ཡག་པོ་བསྒྲུབས་ཏེ་འགྲན་བསྡུར་བདེ་བླག་ངང་གཉེར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་དང་འགྲན་ར་བེད་སྤྱོད་བྱ་རྒྱུར་ཞིབ་འཇུག་ནན་ཏན་བྱས་ནས། འགྲན་བསྡུར་གལ་ཆེན་གཉེར་བ་དེ་དམངས་ཡོངས་ཀྱི་ལུས་སྦྱོང་ལ་ཞབས་འདེགས་ཞུ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། གངས་འཁྱག་ལུས་རྩལ་ཁྱབ་བརྡལ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚའེ་ཆི་ཐེངས་འདིའི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།