ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས།

2.jpg

ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ལོ་ངོ་བརྒྱའི་རིང་ལ། ཏང་གིས་རྩོམ་རིག་སྒྱུ་རྩལ་འཐབ་ཕྱོགས་ཀྱི་སྣེ་ཁྲིད་དེ་འཚོལ་ཞིབ་དང་ལག་ལེན་བྱས་ཤིང་། མར་ཁི་སི་རིང་ལུགས་མཛུབ་སྟོན་དུ་བྱས་པ་དང་ཀྲུང་གོའི་གནས་ཚུལ་དང་རིག་གནས་སྲོལ་རྒྱུན་ལ་འཚམ་པ། མི་དམངས་རང་བཞིན་དར་སྤེལ་བྱེད་པའི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དེ། རང་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ལག་ལེན་ལས་རྩོམ་རིག་སྒྱུ་རྩལ་ལས་དོན་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་། རྩོམ་ཡིག་སྒྱུ་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གཙོ་བོ་ཡིན་པས། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་བྱེད་མཁན་གྱིས་ཏང་དང་མི་དམངས་ཀྱི་སེམས་འདུན་དང་རེ་བ་སྟོང་ཟད་དུ་གཏོང་མི་རུང་བ་ར་སྤྲོད་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་རབས་ཀྲུང་གོའི་རི་ཆུ་མཛེས་སྡུག་ལྡན་ཞིང་མི་དམངས་བློ་སྤོབས་ཆེ་ལ། མདུན་ལྗོངས་རྒྱ་ཆེན་པོ་ཡོད། དུས་རབས་ཀྱིས་རང་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་དར་རྒྱས་དང་འཕེལ་རྒྱས་ཐད་སྔ་ན་མེད་པའི་གར་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བྱེད་མཁན་ལ་ལྡོག་མེད་ཀྱི་འགན་འཁྲི་ཁུར་དུ་བབས་ཡོད་པས་རྩོལ་བ་བསྐྱེད་དགོས། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བྱེད་མཁན་གྱི་རིག་གནས་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དྲག་པོས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་ལེགས་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། དར་ཆ་མཐོན་པོར་བསྒྲེངས་པ་དང་དམངས་སེམས་གཅིག་འདུས། མི་སྣའི་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པར་བྱེད་པའི་འགན་འཁྲིའི་ལས་འགན་ལ་བཅས་དམིགས་ནས། རྣམ་ཤེས་བསྐྲུན་པའི་ཐད་ཁག་ཁུར་ཡོད་པར་བྱེད་པ་དང་གསར་གཏོད་ཐད་ནས་བྱ་སྤྱོད་གསར་བ་མངོན་འགྱུར་བྱེད་པ་བརྟན་སྲུང་དང་། ཀུན་སྤྱོད་ལེགས་པོས་རྣམ་པ་གསར་བ་མངོན་པར་བྱེད་དགོས། ཀུན་སྤྱོད་ལེགས་པོར་བརྟེན་ནས་འབད་བརྩོན་ལྷོད་མེད་ཀྱིས་རིག་གནས་གསར་གཏོད་བྱས་ཤིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་བ་མངོན་པར་བྱེད་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་གཟི་འོད་གསར་བ་བསྐྲུན་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིན་ཐང་གི་སྣེ་ཁྲིད་ནུས་པ་དང་རིག་གནས་ཀྱི་གཅིག་འདུས་ནུས་པ། བསམ་པའི་སྒུལ་ནུས་དྲག་པོ་བཅས་འདོན་སྤྲོད་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཚོགས་ཆེན་མགོ་བརྩམས་པ་དང་། ཚོགས་རའི་མི་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཐུས་མི་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བྱེད་མཁན་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་བཙུགས་མ་ཉིད་ནས་མི་རིགས་དང་ཚན་རིག མང་ཚོགས་བཅས་ཀྱི་རང་བཞིན་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གསར་བ་འཛུགས་པ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཏེ། རིག་གནས་འཛུགས་སྐྲུན་དང་རྩོམ་རིག་སྒྱུ་རྩལ་གྱི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལོ་ངོ་བརྒྱའི་རིང་ལ། ཏང་གི་མགོ་ཁྲིད་འོག རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་བ་བྱེད་མཁན་ཚོས་དུས་རབས་དང་གོམ་སྟབས་མཉམ་པ་རྒྱུན་འཁྱོངས་དང་། མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན་ཡོང་བ། གཅིག་སེམས་གཅིག་ཏུ་སྦྲེལ་བ། དམིགས་འབེན་ལ་འགྱུར་བ་མེད་པའི་སྒོ་ནས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་བྱ་གཞག་ཁྲོད་ཞུགས་པ་དང་། ཕུན་སུམ་ཚོགས་པའི་རྩོམ་རིག་སྒྱུ་རྩལ་རྣམ་པར་བརྟེན་ནས། མི་དམངས་ཀྱི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱ་ཆེའི་རིག་རྩལ་བྱ་བ་བྱེད་མཁན་གྱིས་ཏང་བར་བློ་སེམས་གཅིག་མཐུན་དང་མི་དམངས་བར་འགུལ་སྐྱོད་གཅིག་མཐུན་བྱས་ཤིང་། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། བརྩེ་བ་རྣལ་མས་དུས་རབས་འཕེལ་རྒྱས་ཀྱི་རྡོག་སྒྲར་ཉན་པ་དང་། བཅོས་བསྒྱུར་གསར་གཏོད་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་བསྟོད་གླུ་བླངས་ཡོད། རྩོམ་རིག་སྒྱུ་རྩལ་བྱ་འགུལ་དང་རྩོམ་རིག་སྒྱུ་རྩལ་དམངས་ཕན་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། རྩོམ་རིག་དང་ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རྩལ། བརྙན་ཕབ། ཡིག་གཟུགས། ཁ་ཤགས་སྒྱུ་རྩལ། རྩལ་རྩེད། དམངས་ཁྲོད་རྩོམ་རིག་སྒྱུ་རྩལ། རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད། མང་ཚོགས་ཀྱི་རྩོམ་རིག་སྒྱུ་རྩལ། སྒྱུ་རྩལ་སློབ་གསོ་སོགས་ཁྱབ་ཁོངས་ནས་གོང་འཕེལ་ཆེན་པོ་བྱུང་ཡོད་པ་དང་། རང་རྒྱལ་གྱི་རྩོམ་རིག་སྒྱུ་རྩལ་བྱ་གཞག་ལ་མེ་ཏོག་མཉམ་བཞད་དང་གསོན་ཤུགས་རྣམ་པར་རྒྱས་པའི་དར་རྒྱས་ཀྱི་སྣང་ཚུལ་མངོན་ཡོད།

ཞི་ཅིན་ཕིང་གིས་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་བྱེད་མཁན་ལ་ཐུགས་རེ་ལྔ་བཏོན། གཅིག་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་དམིགས་ཏེ་དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་རྔམ་བརྗིད་ལྡན་པའི་སྣང་ཚུལ་བསྐྲུན་དགོས། གཉིས་ནས་མི་དམངས་ཀྱི་ལངས་ཕྱོགས་གཏན་སྲུང་སྒོས་གསོན་ཤུགས་ཉམས་པ་མེད་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་འབྲི་དགོས། གསུམ་ནས་དྲང་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དུས་རབས་དང་བསྟུན་པའི་ཕུལ་བྱུང་བརྩམ་ཆོས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་གོ་རྟོགས་གསར་བ་གསར་འབྱེད་བྱེད་དགོས། བཞི་ནས་བརྩེ་བ་དང་སྟོབས་ཤུགས་བཀོལ་ནས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བསྒྲགས་ཏེ་འཛམ་གླིང་ཡོངས་ལ་ཡིད་རྟོན་རུང་བ་དང་སྙིང་རྗེ་ལ་གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས། ལྔ་ནས་དྲང་བདེན་དར་སྤེལ་རྒྱུན་འཁྱོངས་བྱས་ནས་ཀུན་སྤྱོད་དང་སྒྱུ་རྩལ་གཉི་ག་འཚོལ་བསྙེག་བྱེད་པའི་ཁྲོད་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་ནི་མི་རིགས་ཀྱི་སྙིང་སྟོབས་སྲོག་རྩ་ཡིན་པ་དང་རྩོམ་རིག་སྒྱུ་རྩལ་ནི་དུས་རབས་ཀྱི་འབོད་སྐད་ཡིན། དུས་རབས་གསར་བ་དང་འགྲུལ་བཞུད་གསར་བ་ནི་དེང་རབས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་གོ་གནས་ཡིན། རྒྱ་ཆེའི་རིག་རྩལ་བྱ་བ་བྱེད་མཁན་གྱིས་མི་རིགས་བསྐྱར་དར་གྱི་དུས་རབས་བརྗོད་སྙིང་ཁོང་དུ་ཆུད་པར་བྱས་ཤིང་། མི་ཚེའི་འཚོལ་བསྙེག་དང་སྒྱུ་རྩལ་ཚེ་སྲོག་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་འདོད་བློ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རྩོམ་རིག་ལ་བརྟེན་ནས་བྱ་གཞག་དར་རྒྱས་སུ་གཏོང་བ་དང་། རྩོམ་རིག་ལ་བརྟེན་ནས་ཁམས་གསོ་བྱེད་པ། རྩོམ་རིག་ལ་བརྟེན་ནས་སེམས་ཤུགས་འཛུགས་པ། རྩོམ་རིག་ལ་བརྟེན་ནས་རྣམ་ཤེས་བསྐྲུན་པ་བཅས་བྱས་ནས། རྩོམ་རིག་སྒྱུ་རྩལ་གྱི་གསར་གཏོད་དེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་སྟེང་འགོད་པ་དང་། མི་དམངས་འབད་འཐབ་ཀྱི་འགྲུལ་བཞུད་ཁྲོད་འབྲི་དགོས། ལོ་རྒྱུས་ཆེན་མོའི་ལྟ་བ་དང་དུས་རབས་ཆེན་མོའི་ལྟ་བ་ཆགས་པར་བྱེད་པ་དང་། ལོ་རྒྱུས་འཕེལ་རིམ་དང་དུས་རབས་ཀྱི་གནས་བབ་དམ་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྟོང་ལོའི་འགྱུར་ལྡོག་ཆེན་མོ་མཚོན་པ། ལོ་བརྒྱའི་ཀྲུང་གོའི་མི་ཡུལ་དྲང་བདེན་གསལ་སྟོན། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་དང་བཅོས་བསྒྱུར་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ནས་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་གླུ་རུ་ལེན་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་ཀྲུང་གོའི་འཕེལ་རྒྱས། མི་དམངས་ཀྱི་འབོད་སྒྲའི་ཁྲོད་ནས་བརྗོད་སྙིང་དང་རྒྱུ་ཆ་བསྡུ་རུབ་བྱས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་པ་དང་རི་ཆུའི་མཛེས་སྡུག རིག་གནས་ཀྱི་མཛེས་པ་བཅས་མངོན་པར་བྱེད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་ཀྱི་བློ་སྤོབས་དང་གསར་གཏོད་ཀྱི་ནུས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ཞིབ་འབྲི་བྱས་ནས། ཕྱོགས་ཡོངས་ནས་དུས་རབས་གསར་བའི་སྙིང་སྟོབས་རྣམ་པ་མངོན་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ལས་ཐོན་པ་དང་མི་དམངས་ཀྱི་དོན་ཆེད། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཞི་རྩའི་ལངས་ཕྱོགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་སྒུལ་ཤུགས་ཀྱང་ཡིན། རྩོམ་རིག་སྒྱུ་རྩལ་གྱིས་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་རླབས་ཆེན་འཕེལ་རིམ་ལ་བསྟོད་བསྔགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་དུ་འབད་འཐབ་བྱེད་མཁན་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་ཡོད་ཚད་འབུལ་བའི་དཔའ་རྒོད་དག་ལ་གཟེངས་བསྟོད་གང་ལེགས་བྱེད་དགོས། རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་བྱེད་མཁན་གྱིས་མི་དམངས་སྙིང་བོར་བྱས་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱི་རིག་གནས་དགོས་མཁོ་བསྐང་ཐུབ་པ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་ཕུལ་བྱུང་བརྩམ་ཆོས་མང་དུ་གསར་རྩོམ་བྱས་ཏེ། རྩོམ་རིག་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་ར་དེ་དུས་གཏན་དུ་མི་དམངས་ཀྱི་ཆེད་དུ་རྣམ་པར་བཞད་དུ་འཇུག་དགོས། མི་དམངས་དེ་བརྩམ་ཆོས་ཀྱི་བརྗོད་སྙིང་དུ་འགྱུར་དུ་འཇུག་དགོས་པར་མ་ཟད། རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་དང་བརྩེ་བ་རྣམ་པ་དེ་མི་དམངས་དང་གཅིག་ཏུ་འདྲེས་པར་བྱས་ནས་དུས་རབས་དང་མི་དམངས་ལ་བསྟོད་གླུ་ལེན་དགོས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་གྱིས་ཡར་ལྡན་དགེ་སེམས་འཚོལ་བསྙེག་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། བསམ་བློའི་གོ་བ་ཟབ་ཅིང་བབ་ཆགས་ལ། སྟོབས་དང་ལྡན་པའི་ཕུལ་བྱུང་བརྩམ་ཆོས་ཀྱིས་མི་དམངས་ཀྱི་མཛེས་དཔྱོད་ལྟ་བ་དང་རིན་ཐང་ལྟ་བ་བརླན་པར་བྱས་ཏེ། མི་དམངས་ཀྱི་བསམ་པའི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་ཤིག་གི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་ལ་ཚད་འཇལ་བྱེད་ན་བརྩམས་ཆོས་ལ་བལྟ་དགོས་པ་དང་། རྩོམ་རིག་པ་དང་སྒྱུ་རྩལ་པའི་མི་ཚེའི་རིན་ཐང་ལ་ཚད་འཇལ་བྱེད་ནའང་བརྩམས་ཆོས་ལ་བལྟ་དགོས། རྒྱ་ཆེའི་རྩོམ་རིག་བྱ་བ་བྱེད་མཁན་གྱིས་ལེགས་ཐོག་ལེགས་འཚོལ་དང་གསར་གཏོད་བློ་སྤོབས་ཆེན་པོས་ང་ཚོའི་རླབས་ཆེ་བའི་མི་རིགས་དང་རླབས་ཆེ་བའི་དུས་རབས་ལ་ངོ་གནོངས་མི་དགོས་པའི་ཕུལ་བྱུང་བརྩམ་ཆོས་གསར་གཏོད་བྱེད་དགོས། སྤུས་ཚད་མཐོ་བ་དེ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ཀྱི་སྲོག་རྩར་བྱེད་པ་དང་། རྒྱུན་ཆད་མེད་པར་བརྩམ་ཆོས་ཀྱི་བསམ་པའི་ནུས་ཚད་དང་རིག་གནས་ནང་བཅུད། སྒྱུ་རྩལ་རིན་ཐང་བཅས་མཐོར་འདེགས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ལྟ་བ་དང་མི་གཞུང་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་བྱས་ཤིང་། སྒྱུ་རྩལ་གྱི་གསར་གཏོད་ནུས་པ་དང་ཀྲུང་ཧྭའི་རིག་གནས་རིན་ཐང་མཉམ་བསྲེས་དང་། ཀྲུང་ཧྭའི་མཛེས་དཔྱོད་རིག་པའི་སྙིང་སྟོབས་དང་དེང་རབས་ཀྱི་མཛེས་དཔྱོད་འཚོལ་བསྙེག་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་གསོན་ཤུགས་རྒྱས་པར་བྱེད་དགོས། ལག་རྩལ་གསར་བ་དང་བྱེད་ཐབས་གསར་བ་བཀོལ་ནས་གསར་རྩོམ་གྱི་ཀུན་རྟོགས་དང་ཕུན་སུམ་ཚོགས་པའི་རིག་གནས་ཉིང་བཅུད། བསམ་བློའི་བརྩེ་དུང་མཚོན་པར་བྱས་ཏེ། རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ་ལ་ནང་དོན་སྔར་ལས་ཟབ་པ་དང་སྦས་ཤུགས་སྔར་ལས་ཆེ་བའི་གོ་རྟོགས་གསར་བ་ཞིག་འབྱུང་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ལ་གནའ་ནས་བཟུང་འགྲོ་ཀུན་བྱམས་བརྩེས་སྐྱོང་བའི་བརྩེ་བ་ཆེན་པོ་ཡོད། དེང་རབས་ཀྲུང་གོའི་རིག་རྩལ་གྱིས་མིག་རྒྱང་འཛམ་གླིང་ལ་གཏོད་པ་དང་མིའི་རིགས་ལ་གཏོད་དགོས། རིག་གནས་ཅན་གྱི་མི་ཡིས་སེམས་ཁམས་གཅིག་སྒྲིལ་བྱེད་ཐུབ་ལ། སྒྱུ་རྩལ་གྱི་དབང་འབྱོར་བའི་མི་ཡིས་འཛམ་གླིང་དང་འབྲེལ་འདྲིས་བྱེད་ཐུབ། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ཡིད་ཆེས་དང་འགན་འཁུར་གྱི་བསམ་པ་ལྡན་དགོས། མི་རབས་བརྒྱ་ཕྲག་གི་སྲོལ་རྒྱུན་རྒྱུན་འཛིན་དང་། ད་ལྟའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས། ཀྲུང་གོའི་མཛེས་འཛིན་གྱི་ལྟ་བ་དང་མཐུན་པའི་བརྩམ་ཆོས་གསར་སྐྲུན་བྱེད་དགོས་ལ། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་སྤེལ་བྱེད་དགོས་པ་མ་ཟད། མིའི་རིགས་ཐུན་མོང་གི་རིན་ཐང་འཚོལ་སྙེག་བྱེད་པའི་ཕུལ་བྱུང་བརྩམ་ཆོས་གསར་སྐྲུན་བྱེད་དགོས། ཀྲུང་གོའི་ས་གཞི་ལ་རྐང་བཙུགས་ནས། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བརྗོད་དགོས་པ་དང་། འཛམ་གླིང་གི་མི་རྣམས་ཀྱིས་ཤེས་པའི་ཀྲུང་ཧྭའི་རིག་གནས་སྣང་བརྙན་བསྐྱར་བཞེངས་བྱེད་དགོས་པར་མ་ཟད། གསོན་ཉམས་དོད་པའི་ཀྲུང་གོའི་རྣམ་པ་ཞིག་ཧུར་ཐག་གིས་འགྲེམ་སྟོན་བྱས་ཏེ། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ལེའུ་གསར་པ་ཞིག་གི་དབུ་ཁྱུད་འབྲི་དགོས། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། དུས་མཉམ་དུ་འཛམ་གླིང་གི་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་བརྗེ་རེས་འགྲེམ་སྟོན་བྱེད་དགོས། མི་རིགས་རང་བཞིན་གྱི་སྒྱུ་རྩལ་རྣམ་པ་དང་ནང་དོན་འཕེལ་རྒྱས་སུ་གཏོང་པ་གཙིགས་སུ་འཛིན་དགོས་ལ། མི་རིགས་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས། གཤིས་ཉམས་ཀྱི་གྲུབ་མཐའ་དང་སྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པར་བྱས་ནས། འཛམ་གླིང་རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་ཀྲུང་གོའི་རིང་ལུགས་དང་ཀྲུང་གོའི་གཤིས་ཉམས་མངོན་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིག་རྩལ་གྱིས་དར་སྲོལ་བཟང་བོ་ཆགས་པའི་འགན་འཁྲི་འཁུར་ཡོད། ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་མཁན་གྱིས་ཐོག་མར་རང་ཉིད་སྐྱེད་སྲིང་བྱེད་དགོས་པ་དང་། རྣམ་ཤེས་བཟོ་སྐྲུན་བྱེད་མཁན་གྱིས་ཐོག་མར་རང་ཉིད་ཚད་ལྡན་དུ་གཏོང་དགོས། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་སྤྱི་ཚོགས་སྣང་བརྙན་དང་བརྩམ་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་འདུན་རྒྱུན་འཁྱོངས་བྱེད་པ་དང་སྤྱོད་ཡོན་གཉིས་ལྡན་ལ་རེ་སྙེག་བྱེད་དགོས་ལ། ཧུར་ཐག་སྒོས་བླ་མེད་ཀྱི་སྤྱོད་པ་དང་མཛེས་སྡུག་གི་རྩོམ་གཤིས་ལྡན་པའི་བརྩམ་ཆོས་བྲིས་ཏེ། ལོ་རྒྱུས་རྩིས་ཐང་སྤྲོད་པ་དང་མི་རྣམས་ལ་མཛེས་སྤྱོད་དར་སྤེལ་བྱེད་པ། རང་ཉིད་ལ་སྙན་གྲགས་རྒྱས་པར་བྱེད་དགོས། རིག་རྩལ་ནི་ཁ་བདེ་གོ་བདེ་ཡིན་དགོས་མོད། འོན་ཀྱང་ཕལ་བ་དང་ཐ་ཤལ་གྱི་གཤིས་ཉམས་གཏན་ནས་ཐོན་མི་རུང་། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་མཚན་སྙན་ལ་གཅེས་སྤྲས་བྱས་ནས། ནན་ཏན་དང་གཟབ་ནན་སྒོས་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་བསམ་གཞིགས་གཏོང་དགོས། རིག་རྩལ་བྱ་བ་སྒྲུབ་མཁན་ཞིག་གི་སྤྱོད་པ་མི་ལེགས་ཚེ་མི་དམངས་ཀྱིས་གཏན་ནས་ཁས་མི་ལེན་ལ། དུས་རབས་ཀྱིས་ཀྱང་དང་ལེན་མི་བྱེད་མི་སྲིད། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤུས་ཀ་འཛིན་པ་དང་རྩོམ་གྱི་ཁྱད་ཆོས་འཛིན་པ། འགན་འཁྲི་འཛིན་དགོས་པ་དང་། མི་ལེགས་པོ་ཞིག་བྱེད་པ་དང་དོན་དག་ངོ་མ་བསྒྲུབ་དགོས་ལ། དར་སྲོལ་དང་སྒྱུ་རྩལ་ཀུན་སྤྱོད་བཟང་བོ་དར་སྤེལ་བྱེད་པ་དང་། རང་བརྩི་རང་གཅེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རྣམ་པ་ལེགས་པའི་ལས་རིགས་སྲོལ་བཟང་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་རིག་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན། ཏང་གི་འགོ་ཁྲིད་འོག རྒྱལ་གཅེས་བྱས་རྗེས་འཇོག་པའི་རིག་རྩལ་བྱ་བ་སྒྲུབ་མཁན་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་རྩོམ་རིག་པ་དང་སྒྱུ་རྩལ་པ་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་མ་ལག་གསར་སྐྲུན་བྱེད་པ་དང་། རིག་རྩལ་རྩ་འཛུགས་གསར་བ་དང་རིག་རྩལ་ཚོགས་པ་གསར་བར་སློབ་གསོ་དང་སྣེ་ཁྲིད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། གཞི་རིམ་རིག་རྩལ་བྱ་བ་སྒྲུབ་མཁན་གཙོར་འཛིན་ཞིང་ལས་དོན་ལ་བརྟེན་ནས་འཇོན་མིར་སྐུལ་ལྕག་བྱེད་པ་དང་འཇོན་མིར་བརྟེན་ནས་ལས་དོན་གོང་འཕེལ་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་གི་རིགས་གཞུང་དང་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་མོ་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ཆ་ཚང་དུ་གཏོང་བ་བརྒྱུད་དེ། སྤུས་ལེགས་བརྩམ་ཆོས་གང་མང་གསར་རྩོམ་བྱེད་པ་དང་འཇོན་མི་སྣ་མང་སྐྱེད་སྲིང་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས། མར་ཁེ་སི་རིང་ལུགས་རིག་རྩལ་རིགས་གཞུང་དང་དཔྱད་གཏམ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སློབ་གསོ་སྣེ་ཁྲིད་དང་ཕྱོགས་བསྡུས་བཅོས་སྐྱོང་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རི་སྔོ་ཆུ་དྭངས་ཀྱི་རིག་རྩལ་སྐྱེ་ཁམས་འཛུགས་སྐྲུན་བྱེད་དགོས། འཇོན་མི་ངོས་འཛིན་བྱེད་པ་དང་འཇོན་མི་ལ་དགའ་ཞིང་འཇོན་མིར་བཀུར་བ་དང་། འཇོན་མི་བཀོལ་ནས་ན་གཞོན་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་དྲང་བདེན་སྲུང་ཞིང་དྲང་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱས་ཏེ། ཁོ་ཚོས་གསར་སྐྲུན་མང་པོ་བྱེད་པ་དང་སྤུས་ལེགས་བརྩམ་ཆོས་ཐོན་པར་སྐུལ་མ་གཏོང་བར་མ་ཟད། ཁོ་ཚོས་འགན་འཁུར་དང་དུ་ལེན་ཐུབ་པ་དང་གཙོ་ཁྲིད་མི་སྣ་བྱེད་པར་རྒྱབ་སྐྱོར་བྱས་ནས། དེང་རབས་ཀྲུང་གོའི་རྩོམ་པ་པོ་དང་སྒྱུ་རྩལ་པ་དག་ཆུ་མིག་བརྡོལ་བ་བཞིན་འཚར་ལོངས་འབྱུང་དུ་འཇུག་དགོས་པ་དང་། ཀྲུང་གོའི་རིག་རྩལ་ཀྱི་ནམ་མཁའ་རུ་སྐར་ཚོགས་ཀྱི་མཚར་སྡུག་རྣམ་པར་བཀྲ་བར་བྱེད་དགོས།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེའི་ཉིན་གྱིས་ཚོགས་ཆེན་འགོ་བརྩམས་པར་ཤིས་ཚིག་ཕུལ་བ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧི་ཅུན་ཁི་ཡིས་མི་དམངས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རྒྱལ་ཡོངས་རིག་རྩལ་བྱ་བ་སྒྲུབ་མཁན་གྱི་འཐུས་མི་དང་ཆེད་ཞུས་སྐུ་མགྲོན་སོགས་མི་སྟོང་གསུམ་ལྷག་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།