ཀྲུང་གོ་བོད་ཀྱི་དྲ་བ།

གཙོ་འཛིན་ཕྱི་འབྲེལ་གྱིས་ཀྲུང་ཨུའི་འབྲེལ་བ་གཏིང་ཟབ་དང་དངོས་འབྲེལ་ལ་ཁྲིད་སྟོན་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཙོ་འཛིན་ཕྱི་འབྲེལ་གྱིས་ཀྲུང་ཨུའི་འབྲེལ་བ་གཏིང་ཟབ་དང་དངོས་འབྲེལ་ལ་ཁྲིད་སྟོན་བྱས་ཡོད། 

ཚེས15ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་མཇལ་འཕྲད་བྱས། དེ་ནི་རྒྱལ་ཁབ་གཉིས་པོའི་གཙོ་འཛིན་གྱིས་ད་ལོའི་ཟླ6པའི་རྗེས་སུ་སླར་ཡང་བརྙན་ལམ་མཇལ་འཕྲད་གནང་ཐེངས་གཅིག་རེད། ད་ལོའི་ཚུན་དུ། གཙོ་འཛིན་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོས《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུ་བ་དེ་མགོ་འཛུགས་ས་གསར་པར་བརྩིས་ནས། ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་གཏིང་ཟབ་དང་དངོས་འབྲེལ་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ། ནུས་རྒྱུ། དམག་དོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ཡོད། 

ཀྲུང་ཨུས་ཐོག་མཐའ་ཀུན་དུ《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》གི་དགོངས་དོན་མཐའ་འཁྱོངས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་ཆེན་པོའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་གྲོས་བསྡུར་གཏིང་ཟབ་དང་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་འདྲིས་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་ཐད་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་བྱུང་ཡོད། 

ད་ལོ་ནས་བཟུང་། ཀྲུང་ཨུའི་གཙོ་འཛིན་ཕྱི་འབྲེལ་གཏིང་ཟབ་ཏུ་ཕྱིན་ཡོད། ཟླ5པའི་ཚེས19ཉིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐུན་མོང་ཐོག་ཀྲུང་ཨུའི་ཉིང་རྡུལ་ནུས་པའི་མཉམ་ལས་རྣམ་གྲངས་ཀྱི་ལས་མགོ་འཛུགས་པའི་མཛད་སྒོར་དཔང་པོ་བྱས་ཤིང་། ཟླ6པའི་ཚེས28ཉིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བརྙན་ལམ་ཐུག་འཕྲད་གནང་ནས《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་གནང་། ཟླ7པའི་ཚེས8ཉིན། ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བར་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཟླ8པའི་ཚེས25ཉིན། ཞི་ཅིན་ཕིང་གིས་ཕུའུ་ཅིང་ལ་ཁ་པར་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཨ་ཧྥུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།  

ཀྲུང་ཨུ་གཉིས་ཀྱིས་པྲོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་ལྡོག་ཕྱོགས་གནས་བབ་ཁྲོད་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ལོ་དུ་མང་རིང་བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། 2018ལོར། རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར1000ལས་ཐོག་མར་བརྒལ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནའང་། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དངུལ་འབོར་གྱིས་ན་ནིང་ཡང་ཆུ་ཚད་དེ་རྒྱུན་འཁྱོངས་ཐུབ་ཡོད། ད་ལོར། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་སླར་ཡང་འཕར་འཕེལ་གྱི་ལམ་བུར་བསྐྱོད་དེ། ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། གཞན་ཡང་། ཕྱོགས་གཉིས་པོས《ཀྲུང་ཨུའི་དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ལམ་རིས》བཟོས་ནས། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར2000ཡི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འཆར་འགོད་བཟོས་ཡོད། 

ནུས་ཁུངས་མཉམ་ལས་ནི་ཀྲུང་ཨུའི་དངོས་གཉེར་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན། ཀྲུང་གོས་ཨུ་རུ་སུ་དང་མཉམ་ལས་བྱས་ཏེ་ཨུ་རུ་སུའི་མངའ་ཁོངས་ཀྱི་གཤེར་གྱུར་རང་བྱུང་སོལ་རླངས་རྣམ་གྲངས་ཆེ་ཤོས་ཏེ་ཡ་མའར་གཤེར་གྱུར་རང་བྱུང་སོལ་རླངས་རྣམ་གྲངས་གསར་སྤེལ་བྱེད་བཞིན་ཡོད། ཟླ5པའི་ཚེས18ཉིན། ཀྲུང་ཨུའི་ཤར་ལམ(ཡུང་ཆིང་ནས་ཧྲང་ཧའེ)གྱི་རང་བྱུང་སོལ་རླངས་མདོང་ལམ་ལྷོ་སྣེའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཁྲང་ཅང་ཁྲབ་དབྱིབས་འདྲེན་གཏོང་རྣམ་གྲངས་ཅང་སུའུ་ནན་ཐུང་དུ་སྔོག་མགོ་བརྩམ། ཟླ5པའི་ཚེས19ཉིན།  ཀྲུང་ཨུའི་ཉིང་རྡུལ་ནུས་པའི་མཉམ་ལས་རྣམ་གྲངས་ཏེ་ཐེན་ཝན་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན7པ་དང8པ་དང་། ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན3པ་དང4པ་དངོས་སུ་ལས་མགོ་བརྩམ། འཕྲུལ་ཚན4པ་དེ་ནི་ད་བར་གྱི་ཀྲུང་ཨུའི་ཉིང་རྡུལ་ནུས་པའི་མཉམ་ལས་རྣམ་གྲངས་ཆེ་ཤོས་ཡིན། 

ཚན་རྩལ་གསར་གཏོད་ནི་ཀྲུང་ཨུའི་མདུན་ལམ་ཆེ་ཤོས་ལྡན་པའི་མཉམ་ལས་ཁྱབ་ཁོངས་ཤིག་ཡིན། ཟླ3པའི་ཚེས9ཉིན། རྒྱལ་ཁབ་གཉིས་ཀྱིས《རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་བསྐྲུན་པར་མཉམ་ལས་བྱེད་པའི་སྐོར་གྱི་དགོངས་ཞུ་དྲན་ཐོ》ལ་མིང་རྟགས་བཀོད་ནས། རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་མཉམ་ལས་བྱེད་མགོ་ཚུགས་པ་དང་། ཟླ4པར། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་མཉམ་དུ་བསྐྲུན་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས། ཟླ11པའི་ཚེས26ཉིན། ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་མཇུག་འགྲིལ་བ་རེད། བྱེད་སྒོ་སྤེལ་རིང་། ཕྱོགས་གཉིས་ཀྱིས་ཚན་རྩལ་གསར་གཏོད་དང་མཉམ་ལས་འབྲེལ་འདྲིས་ཀྱི་བྱེད་སྒོ་སྟོང་ལྷག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཁའ་འགྲུལ་མཁའ་སྐྱོད། ཉིང་རྡུལ་ནུས་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་གཡུར་ཟའི་མཉམ་ལས་གྲུབ་འབྲས་ལེན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཕྱོགས་གཉིས་ཀྱིས་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་ལམ་ཐིག་དཔེ་རིས་གཏན་འཁེལ་བྱས་པ་དང་། ཀྲུང་ཨུའི་མཉམ་འབྲེལ་གྱི་ཚན་རྩལ་གསར་གཏོད་ཐེབས་རྩ་བདེ་བླག་ངང་ལག་བསྟར་བྱེད་མགོ་ཚུགས། 

དམག་དཔུང་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་པར་གྱུར་ཞིང་། འཐབ་ཇུས་སྤེལ་རེས་དེ་སྐས་རིམ་གསར་པར་སླེབས་ལ། དངོས་གཉེར་མཉམ་ལས་ཐད་ཚད་བརྒལ་གསར་པ་བྱུང་། ལམ་སྲོལ་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ད་ལོའི་ཚུན་དུ། དམག་དཔུང་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་རྒྱབ་ལྗོངས་འོག མཉམ་འབྲེལ་ནང་སྦྱོང་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་རྩ་འཛུགས་བྱས་པ་རེད། ཨུ་རུ་སུའི་དམག་དཔུང་གིས་ཀྲུང་གོར་ཐོག་མར་ཡོང་ནས་ཀྲུང་གོའི“ནུབ་རྒྱུད·མཉམ་འབྲེལ-2021”ཞེས་པའི་ནང་སྦྱོང་ལ་ཞུགས་པ་དང་། ཕྱོགས་གཉིས་ཀྱིས“མཚོ་ཐོག་མཉམ་འབྲེལ-2021”ཞེས་པའི་ནང་སྦྱོང་དང་མཚོ་ཐོག་མཉམ་འབྲེལ་སྐོར་ཞིབ་ཐོག་མར་བྱས། མཉམ་འབྲེལ་བར་སྣང་འཐབ་ཇུས་སྐོར་གཡེང་ཐེངས3པ་རྩ་འཛུགས་ལག་བསྟར་བྱས་པ་དང་། ཧྲང་ཧེ་མཉམ་འབྲེལ་རྩ་འཛུགས་ཀྱི“ཞི་བདེའི་ལས་འགན-2021”མཉམ་འབྲེལ་འཇིགས་རྒོལ་དམག་དོན་ནང་སྦྱོང་ལ་མཉམ་དུ་ཞུགས། “རྒྱལ་སྤྱིའི་དམག་དོན་འགྲན་བསྡུར-2021”གི་སྒྲོམ་གཞིའི་ནང་གི་འབྲེལ་ཡོད་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། དམག་དཔུང་གཉིས་ཀྱི་མཉམ་འབྲེལ་བྱ་སྤྱོད་ཀྱི་ནུས་པ་སྔར་ལས་ཆེ་རུ་བཏང་། 

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མ་ཟད། སྔར་བས་འཐུས་ཚང་དང་བརྟན་ལྷིང་། སྲ་བརྟན་བཅས་སུ་འགྱུར་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ཀྲུང་ཨུའི་བློ་གྲོས་དང་ཀྲུང་ཨུའི་ཇུས་གཞི་ལེགས་སྐྱེས་འབུལ་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།