ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིན་དུ་ཉིས་སྟོང་ཉེར་གཅིག་ལོའི་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་རྒྱལ་ཁབ་ཀྱི་སྤྱི་སྒྲུབ་འདས་མཆོད་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིན་དུ། ཉིས་སྟོང་ཉེར་གཅིག་ལོའི་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་རྒྱལ་ཁབ་ཀྱི་སྤྱི་སྒྲུབ་འདས་མཆོད་མཛད་སྒོ་གཟབ་རྒྱས་ངང་བསྡུས།

སྤྱི་སྒྲུབ་འདས་མཆོད་མཛད་སྒོ་དེ་འཇར་པན་བཙན་འཛུལ་དམག་གིས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་བཏང་བའི། སྤུན་ཟླའི་རྗེས་དྲན་ཁང་གི་འདུ་འཛོམས་ཐང་ཆེན་དུ་བསྡུས་ཤིང་། ཡུལ་དངོས་ནས་རྔམ་བརྗིད་ལྡན་ལ་གྲུང་ཤ་དོད་པའི་ངང་རྒྱལ་དར་གྱི་དར་ཆ་ཕྱེད་མར་ཕབ་ནས། བྲང་ཁར་མེ་ཏོག་དཀར་པོ་བཏགས་པའི་ལས་རིགས་སོ་སོའི་འཐུས་མི་སུམ་སྟོང་ཙམ་ཁུ་སིམ་མེར་ལངས་ནས་བསྡད། ཆུ་ཚོད་བཅུ་པའི་སྟེང་ལ་མཛད་སྒོ་དངོས་སུ་འགོ་བརྩམས་པ་ན། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། རྒྱལ་གླུ་བཏང་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་ངག་བསྡམས་ནས་མྱ་ངན་ཞུས། ནན་ཅིན་གྲོང་ཁྱེར་གྱིས་མཁའ་ཟོན་ཉེན་བརྡ་བཏང་བ་དང་རླངས་འཁོར་གཏོང་མཚམས་བཞག་ནས་དུང་བརྡ་བཏང་བ་ན། རྐང་ཐང་བས་རང་སར་ངག་བསྡམས་ནས་མྱ་ངན་ཞུས། ངག་བསྡམས་ནས་མྱ་ངན་ཞུས་རྗེས། བཅིངས་འགྲོལ་དམག་དམག་མིའི་རོལ་ཆས་ཚོགས་པས་དཀྲོལ་གཏོང་བྱས་པའི། རྒྱལ་ཁབ་ཀྱི་སྤྱི་སྒྲུབ་འདས་མཆོད་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་དུ། བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཆེན་གྱི་གུས་དམག་གིས་འདས་མཆོད་མེ་ཏོག་གི་ཕྲེང་རྒྱན་བརྒྱད་སྤྱི་སྒྲུབ་འདས་མཆོད་སྟེགས་བུའི་སྟེང་ཕུལ།

དེའི་རྗེས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་གཏམ་བཤད།

ནན་ཅིན་གྲོང་ཁྱེར་གྱི་ན་ཆུང་གཞོན་ནུའི་འཐུས་མི་གྱ་བཞི་ཡིས་ཞི་བདེའི་བསྒྲགས་གཏམ་ཞེས་པ་སྒྲོག་འདོན་བྱས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དྲུག་གིས་ཞི་བདེའི་ཅོང་ཆེན་བརྡུངས་ནས། བབ་བརླིང་གཟབ་ནན་གྱི་ཅོང་སྒྲ་ཐེངས་གསུམ་གྲགས་པ་དང་འགྲོགས་ཏེ། ཞི་བདེ་རྟགས་ཅན་གྱི་ཕུག་རོན་སུམ་སྟོང་མཁའ་དབྱིངས་སུ་འཕུར་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུས་པ་དང་འཛམ་གླིང་ཞི་བདེར་ཡིད་སྨོན་བརྟན་པོ་བཅངས་ལུགས་མཚོན་པར་བྱས།

རྒྱལ་ཡོངས་དམངས་འཐུས་ཚོས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏིན་ཀྲུང་ལིས་ཀྱིས་སྤྱི་སྒྲུབ་འདས་མཆོད་མཛད་སྒོར་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།