ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ནེ་པ་ལ་བསྐྱར་སྐྲུན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་བརྙན་ལམ་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས8ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ནེ་པ་ལ་བསྐྱར་སྐྲུན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག《ཕན་ཚུན་རོགས་རེས་དང་ལས་དབང་གཅིག་མཐུན་སྒོས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད》ཅེས་པའི་བརྙན་ལམ་གསུང་བཤད་གནང་། 

ཝང་དབྱི་ཡིས་བཤད་རྒྱུར། ལོ6གི་སྔོན་ལ། ནེ་པ་ལར་ས་ཡོམ་ཆེན་པོ་བྱུང་ནས་ས་གནས་ཀྱི་མི་དམངས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ནེ་པ་ལའི་བློས་ཐུབ་གྲོགས་པོ་ཅིག་ཡིན་པའི་ཆ་ནས། ནེ་པ་ལའི་བསྐྱར་སྐྲུན་བརྒྱུད་རིམ་ནང་ཀྲུང་གོས་ཐོག་མཐའ་ཀུན་ཏུ་ནེ་པ་ལའི་མི་དམངས་དང་མཉམ་དུ་ལངས་ནས་དཀའ་ངལ་ཁྱད་བསད་དང་ཁས་ལེན་ལག་བསྟར་བྱས་ཏེ་དགེ་མཚན་ལྡན་པའི་ཕན་འབྲས་བླངས་ཡོད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་ནས་ནེ་པ་ལར་རོགས་སྐྱོར་རབ་དང་རིམ་པ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ནེའི་མཛའ་མཐུན་མཉམ་ལས་ཀྱི་དམིགས་ཚད་གསར་པ་ཁ་གསལ་བཟོས་ནས་ནེ་པ་ལ་བསྐྱར་སྐྲུན་དང་འཕེལ་རྒྱས་ཆེད་སྒུལ་ཤུགས་སྔར་བས་ཆེ་བ་མཁོ་འདོན་གནང་ཡོད། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཐོག་མཐའ་ཀུན་དུ་ནེ་པ་ལའི་རོགས་རེས་བྱེད་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ལས་དབང་གཅིག་མཐུན་གྱི་འཕེལ་རྒྱས་རོགས་ཟླ་བྱས་ཏེ། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་། དཔལ་འབྱོར་སླར་གསོར་སྐུལ་འདེད། གཉིས་ཕན་མཉམ་ལས་བཅས་བྱས་ཏེ། ཀྲུང་གོ་དང་ནེ་པ་ལའི་བར་སྔར་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་ཡིན། ཝང་དབྱི་ཡིས་བསམ་འཆར་གསུམ་བཏོན་ཡོད་དེ། གཅིག་ནི་མུ་མཐུད་དུ་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནི་མུ་མཐུད་དུ་ས་ཡོམ་རྗེས་ཀྱི་སླར་གསོ་ལ་རྒྱབ་སྐྱོར་བྱེད་པ། གསུམ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་ཡིན།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་ནེའི་མི་དམངས་ཀྱི་མཐུན་སྒྲིལ་རོགས་ལས་བྱས་པ་བརྒྱུད། ནེ་པ་ལ་ཡིས་གནོད་འགོག་དམག་འཐབ་ཀྱི་ངོ་མཚར་མཛད་རྗེས་གསར་པ་རྩོམ་ཐུབ་ངེས་ཡིན་ལ། རྒྱལ་ཁབ་བསྐྱར་སྐྲུན་དང་དར་རྒྱས་གོང་འཕེལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།