ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་དྲུག་ཉིན་གྲོས་ཚོགས་བསྡུས་ནས། ཉིས་སྟོང་ཉེར་གཉིས་ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཡར་ཞུ་ལ་ཉན་ནས། ཉིས་སྟོང་ཉེར་གཉིས་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་ནས་བལྟས་ན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ང་ཚོས་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ལ་བབ་བརླིང་གིས་ཁ་གཏད་འཇལ་ནས། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལས་འགན་ལྗིད་མོ་ཧུར་ཐག་གིས་ཡོངས་འགྲུབ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་རྩོམ་པ་མངོན་འགྱུར་བྱས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཛམ་གླིང་གི་སྔོན་གྲལ་གོ་གནས་སྲུང་འཛིན་བྱས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་ངང་གོང་དུ་འཕེལ་ལ། ཐོན་ལས་མུ་ཁྱུད་ཀྱི་མཉེན་གཤིས་དང་ཁྱད་སྟོབས་མཐོར་འདེགས་སུ་སོང་ཞིང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཚིས་འགན་སྲུང་ལ་ནུས་ཤུགས་དང་ཕན་འབྲས་ལྡན་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བསྟུད་མར་སྤེལ་བར་འདོད།

གྲོས་ཚོགས་ནས་བླང་བྱ་བཏོན་དོན། སང་ལོའི་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མྱུར་དུ་བསྐྲུན་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་མུ་མཐུད་དུ་བཟང་པོར་བསྒྲུབ་པ། དམངས་ཚིས་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པ། ཆེ་ཕྱོགས་དཔལ་འབྱོར་གྱི་རྨང་གཞི་ཧུར་ཐག་གིས་གཏན་འཇགས་སུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་བསྒྲུབ་པར་བརྟན་འཇགས་གཙོ་བོར་བཟུང་ཞིང་བརྟན་ཐོག་ཡར་འཕེལ་ལ་བརྩོན་དགོས། ཆེ་ཕྱོགས་སྲིད་ཇུས་བརྟན་བརླིང་ནུས་ལྡན་ཡིན་དགོས་ལ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་ཡིན་པའི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བཟང་པོ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཆུང་ཕྱོགས་སྲིད་ཇུས་ཀྱིས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་བསྐྱེད་དགོས། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྒྲིག་གཞིའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་སྐྱོད་གེགས་མེད་དུ་བྱེད་པར་ནུས་ཤུགས་འདོན་དགོས་པ་དང་། གསར་བཟོ་ལས་རིགས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། ཚན་རྩལ་སྲིད་ཇུས་་མྱུར་དུ་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གོ་གནས་ཇེ་མཐོར་བཏང་སྟེ། ཚན་རྩལ་དང་ཐོན་ལས། དངུལ་རྩ་བཅས་འཁོར་སྐྱོད་བཟང་པོ་བྱེད་དུ་འཇུག་དགོས། བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་ཚིས་མཐའ་ཚད་སྐྱོར་བ་དང་། ལས་ཞུགས་དམིགས་བསལ་སྲིད་ཇུས་དོན་འཁྱོལ་བཟང་པོ་བྱེད་པ། བུ་སྐྱེའི་སྲིད་ཇུས་གསར་པར་ཕན་འབྲས་ཐོབ་པར་བྱེད་པ། གཞི་རྩའི་རྒན་གསོ་འགན་བཅོལ་ལ་རྒྱལ་ཡོངས་སུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ། རྒྱུན་སྡོད་ས་གནས་ནས་གཞི་རྩའི་སྤྱི་ཐུན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་ཕྱོགས་སོ་སོའི་བྱ་བ་བཟང་པོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱིས་ལུགས་གསར་དང་ལུགས་རྙིང་གི་ལོ་གསར་སྐྱིད་པོ་ཞིག་རོལ་བར་འགན་ལེན་བྱེད་དགོས། ཕྱི་ནས་མཆེད་པ་འགོག་པ་དང་ནང་དུ་བསྐྱར་འཕར་འགོག་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་བསྒྲུབ་དགོས། སོལ་གློག་སྣུམ་རླངས་ཀྱི་སྐྱེལ་འདྲེན་འགན་སྲུང་མཁོ་འདོན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མང་ཚོགས་ཀྱིས་དྲོད་སྐྱིད་ལྡན་པར་དགུན་བསྐྱལ་བར་འགན་ལེན་བྱེད་དགོས། ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བར་འགན་ལེན་བྱེད་དགོས། པེ་ཅིང་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་ནས། སྟབས་བདེ་དང་བདེ་འཇགས་ཡིན་ལ་ལྟད་མོ་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུ་བར་འགན་ལེན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་རྣམ་དག་གིས་ལག་བསྟར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་བཅས་ལ་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། ཆབ་སྲིད་སྐོར་ཞིབ་ཏན་ཏིག་གིས་སྤེལ་བ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། སྲོལ་ངན་བཞིའི་སྐྱོན་ཆ་ཡོ་བསྲང་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་མཚམས་མ་ཆད་པར་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ངན་གྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། སྒྲིག་ཁྲིམས་འཛིན་པར་ལྟ་སྐུལ་བྱེད་པའི་བྱ་བ་སྒྲིག་ཁྲིམས་ལྟར་སྤེལ་བ། སྐབས་བརྗེའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རང་ངོས་གཅུན་སྡོམ་དང་རང་ངོས་གཙང་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་སུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་གཞི་གཅིག་ཏུ་སྤེལ་བའི་ཕྱོགས་བསྡུས་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་པ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་རྩོམ་པར་སྟོབས་དང་ལྡན་པའི་འགན་ལེན་བྱས་ཡོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་འདི་ཉིད་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཡིན་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཏེ། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་བྱེད་པ་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་རང་རྟོགས་ཀྱིས་བཀོལ་སྤྱོད་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་སྲུང་འཛིན་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་གཞི་གཅིག་ཅན་དུ་བསྟུད་མར་ཟབ་མོར་སྤེལ་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཚན་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱེད་དགོས།

དེའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་གནས་ཚུལ་གྱི་ཡར་ཞུ་ལ་ཉན།

གྲོས་ཚོགས་ནས་སང་ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུ་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ནས་བསྟན་དོན། ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་ཁུལ་དུ་ལྟ་སྐུལ་གྱི་ཆེད་འགན་ཁུར་བའི་ལས་ཁུངས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་བཅོས་སྐྱོང་ནན་མོ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྤེལ་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱས་པའི་བཅོས་སྒྱུར་གྱི་གཞུང་ལུགས་གྲུབ་འབྲས་དང་ལག་ལེན་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་བཅས་སྤྱི་སྡོམ་ཟབ་མོ་བྱས་ཡོད་ལ། དེས་ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སྒྲིག་སྲོལ་དང་བདམས་ཐོན་འཁོར་སྐྱོད། ལས་འགན་འགན་འཁྲི་སོགས་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད་པས། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ་སྲོལ་ཡིག་དེ་གཏན་འབེབས་བྱས་ཏེ་བཏོན་པ་ལས་ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་སྔར་ལས་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་ན། རྩ་འཛུགས་མ་ལག་གི་སྟེང་ནས་ཕན་ནུས་གསར་པ་འདོན་དགོས་པ་དང་། སྒྲིག་ཁྲིམས་འཛིན་པའི་སྟེང་ནས་རྐྱེན་སྲོལ་གསར་པ་ཆགས་པར་བྱས་ཏེ། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དབང་ཆ་བཀོལ་མཚམས་གཏན་ཁེལ་གསལ་པོ་བྱས་ཏེ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ལྟ་སྐུལ་ལ་ཤུགས་སྣོན་པ་དང་རུལ་སུངས་འགོག་བཅོས་བྱེད་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཆོས་ཉིད་དང་མཐུན་པའི་རྩ་འཛུགས་ལམ་ལུགས་དང་འཁོར་སྐྱོད་བྱེད་ཐབས། ཞིབ་མཆན་བརྒྱུད་རིམ་བཅས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱས་ཏེ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། བསམ་བློའི་བློ་སྦྱོང་དང་ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་བསྣན་ནས། རང་གི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་པ་དང་། འགན་འཁྲི་སེམས་སུ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱེད་དགོས་ལ། རང་རྟོགས་ཀྱིས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་མིག་དཔེ་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།