ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ལས་ཁུངས་ཀྱིས་བྱིས་པ་བསླུ་འཚོང་བྱས་པའི་བཀག་གསོག་གྱོད་གཞི290ལྷག་གཏོར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས6ཉིན། སྤྱི་བདེ་པུའུ་ཡིས་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་དུ“ལྷན་འཛོམས”འགུལ་སྐྱོད་ཀྱི་གཉེན་ཉེ་ངོས་འཛིན་གྱི་བྱ་འགུལ་སྤེལ་བ་དང་། ལོ་བཅུ་ལྷག་གི་རིང་གཉེན་ཉེ་ཁ་ཐོར་དུ་སོང་ནས་ཁྱིམ་ཚང་གསུམ་གྱི་གཉེན་ཉེ་ལྷན་འཛོམས་བྱེད་དུ་བཅུག

རྒྱུས་ལོན་པ་ལྟར་ན། ཉེ་ལམ། “ལྷན་འཛོམས”འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་ཆེད། སྤྱི་བདེ་པུའུ་ཡིས་ཀོང་ཏུང་དང་ཧྲན་ཏུང་། ཧུའུ་པེ་བཅས་ཞིང་ཆེན་གསུམ་གྱི་སྤྱི་བདེ་ལས་ཁུངས་རྩ་འཛུགས་བྱས་ཏེ་བདེ་བླག་ངང་བྱིས་པ་བསླུ་འཚོང་བྱེད་པའི་གྱོད་གཞི་གསུམ་གཏོར་བ་དང་། དོགས་ཡོད་ཉེས་ཅན་མི9འཛིན་བཟུང་བྱས་ལ། བསླུ་འཚོང་བྱས་ནས་ལོ14འགོར་བའི་སུང་ཆེ་གེ་མོ་དང་ཧྥུའུ་ཆེ་གེ་མོ་ཐའོ། བསླུ་འཚོང་བྱས་ནས་ལོ17འགོར་བའི་དབྱང་ཆེ་གེ་མོ་ཏི་བཅས་རྙེད་པ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། སྤྱི་བདེ་པུའུ་ཡིས་གར་སོང་ཆ་མེད་དང་བསླུ་འཚོང་བྱས་པའི་བྱིས་པ་འཚོལ་ཞིབ་ཀྱི་བྱ་བར་མཐོང་ཆེན་བྱས་ཏེ། རྒྱལ་ཡོངས་སུ་ཉེས་དོན་ལག་རྩལ་ཆེད་མཁས་པ170ལྷག་སྐོང་འཐེན་བྱས་ནས་གཅིག་བསྡུའི་ངང་ཞིབ་བསྡུར་མཉམ་འཐབ་བྱས་ལ། ས་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་རྩ་འཛུགས་བྱས་ཏེ་གཉེན་ཉེ་ངོས་འཛིན་གྱི་བྱ་འགུལ་ཐེངས2600ལྷག་སྤེལ་བ་རེད། ཟླ11པའི་ཚེས30ཉིན་བར་དུ། སྤྱི་བདེ་ལས་ཁུངས་ཀྱིས་བདེ་བླག་ངང་བྱིས་པ་བསླུ་འཚོང་བྱས་པའི་བཀག་གསོག་གྱོད་གཞི290ལྷག་གཏོར་བ་དང་། བྱིས་པ་བསླུ་འཚོང་གི་དོགས་ཡོད་ཉེས་ཅན་མི690ལྷག་འཛིན་བཟུང་བྱས་ལ། སྔོན་ཆད་གར་སོང་མ་ཤེས་པ་དང་བསླུ་འཚོང་བྱས་པའི་བྱིས་པ8307རྙེད་པ་རེད།

སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། བྱིས་པ་བསླུ་འཚོང་གི་གྱོད་གཞི་ཉིན་གཅིག་ལ་གཏོར་མ་ཐུབ་པ་དང་། གར་སོང་མ་ཤེས་པ་དང་བསླུ་འཚོང་བྱས་པའི་བྱིས་པ་ཉིན་གཅིག་ལ་ཕྱིར་མ་རྙེད་ན། སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་དང་རྩད་གཅོད་ཀྱི་ལས་དོན་སྒྲུབ་ངེས་ཡིན། སྤྱི་བདེ་ལས་ཁུངས་ཀྱིས་ནམ་ཡིན་ཡང་རིགས་སོ་སོའི་བསླུ་འཚོང་གི་ཉེས་དོན་ལ་གཟབ་ནན་གྱིས་རྡུང་རྡེག་གཏོང་བའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རྩད་གཅོད་ཀྱི་བྱེད་ཐབས་གསར་སྐྲུན་དང་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མུ་མཐུད་དུ“ལྷན་འཛོམས”བྱ་འགུལ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་དང་། བྱིས་པ་དང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།