ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཐོར་འདེགས་སུ་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི(2021ལོ་ནས2025ལོ་བར)》(གཤམ་དུ《འགུལ་སྐྱོད་ཇུས་གཞི》ཞེས་བསྡུས་ཡོད)པར་འགྲེམས་བྱས་པ་རེད། ཚེས6ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས《འགུལ་སྐྱོད་ཇུས་གཞི》ལ་འགྲེལ་བཤད་བྱས། 

ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཏང་ཙུའི་ཁོངས་མི། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཧོན་ཞིན་གྱིས“སྤྱིའི་ཆ་ནས་བལྟས་ན། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་ཇུས་གཞིའི་ནང་གཏན་ཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། ‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི’རིང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས། 

ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་དང་བསྡུར་ན་ཐེངས་འདིར་ཁྱབ་བསྒྲགས་བྱས་པའི《འགུལ་སྐྱོད་ཇུས་གཞིར》འགྱུར་ལྡོག་གང་དག་ཡོད་དམ། ལིའུ་ཧོན་ཞིན་གྱིས་ཕྱོགས་གསུམ་ནས་ལན་བཏབ་ཡོད་དེ། དང་པོ། སྤྱིའི་དམིགས་ཚད་ཐད་ནས་སྡེ་བའི་ཁོར་ཡུག་གཙང་ཞིང་གྲལ་དག་པ་ནས་མཛེས་སྡུག་ལྡན་པའི་སྡོད་གནས་སུ་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། 2035ལོར་བསླེབ་སྐབས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་དམིགས་ཏེ་གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ཕལ་ཆེར་འཛོམས་པར་བྱས་ནས། ནུས་ཤུགས་ཡོད་རྒུས་ཞིང་པ་མང་ཚོགས་གནས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། 

གཉིས་པ། གཙོ་གནད་ལས་འགན་ཐད་ནས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ་ནས་ཕྱོགས་ཡོངས་ཀྱི་ཆུ་ཚད་དུ་སླེབས་པར་བྱ་དགོས། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དང་། འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྒྲིག ཞིང་སྡེའི་རྣམ་པ་བཅོས་སྐྱོང་། ཡུན་ཕན་དོ་དམ་སྲུང་སྐྱོང་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཕལ་ཆེར་ཚད་གཞིར་སླེབས་པ་ནས་སྤུས་ཚད་མཐོར་གཏོང་གི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། 

གསུམ་པ། འགན་སྲུང་བྱ་ཐབས་ཐད་ལམ་སྲོལ་འཛུགས་པ་འཚོལ་ཞིབ་བྱེད་པ་ནས་ཡུན་རིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་ལུགས་གཏིང་ཟབ་ཏུ་གཏོང་དགོས། ལམ་སྲོལ་འཛུགས་སྐྱོང་སྔར་ལས་འབུར་དུ་ཐོན་ནས་བརྒྱུད་རིམ་ལྡན་པ་དང་། ཚད་ལྡན་ཅན། ཡུན་ཕན་ཅན་གྱི་སྲིད་ཇུས་ལམ་ལུགས་བཙུགས་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས། 

ཞིང་ལས་དང་གྲོང་གསེབ་པུའུ་གྲོང་གསེབ་སྤྱི་ཚོགས་ལས་དོན་སྐུལ་སྤེལ་སིའི་སི་ཀྲང་ལི་ཝུའེ་གོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཞིང་སྡེ་མང་ཆེ་བར་གཙང་སྦྲའི་འགུལ་སྐྱོད་སྤེལ་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། གཅིག་ནི་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ་སྡེ་མི་རྩ་འཛུགས་བྱས་ནས་སྡེ་བའི་ཁོར་ཡུག་གཙང་སྦྲ་བྱ་རྒྱུ་ཡིན་ཞིང་། ཡུལ་བབ་དང་བསྟུན་ནས“གཙང་བཤེར་གསུམ་དང་བཅོས་སྒྱུར་གཅིག”གི་ནང་དོན་ཇེ་མང་དུ་གཏོང་རྒྱུ་དང་། གཉིས་ནས་ཡུན་ཕན་ཅན་རྒྱུན་འཁྱོངས་དང་གཙང་སྦྲའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས“སྒོའི་མདུན་གྱི་འགན་ལེན་གསུམ”སོགས་ཀྱི་ལམ་ལུགས་བརྒྱུད་སྡེ་མིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱ་རྒྱུ་ཡིན་ཟེར། 

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་སིའི་སི་ཀྲང་སུའུ་ཁེ་ཅིང་གིས་གཙོ་བོ་ཕྱོགས་གཉིས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་ལས་དོན་སྤེལ་རྒྱུ་སྟེ། གཅིག་ནི་ཁུལ་དང་རིགས་དབྱེ་སྟེ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་གྲོང་གསེབ་ཀྱི་བཙོག་ཆུ་དང་དྲི་ངན་ཆེ་བའི་ཆུ་གཞི་བཅོས་སྐྱོང་ལ་ཤུགས་བསྣན་ནས། 2025ལོར་བསླེབ་སྐབས་གཞི་ཁྱོན་ཅུང་ཆེ་བའི་གྲོང་གསེབ་ཀྱི་བཙོག་ཆུ་ཕལ་ཆེར་མེད་པར་བཟོ་དགོས་པར་བསྟན། 

སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ཞིང་སྡེ་དང་གྲོང་རྡལ་འཛུགས་སྐྲུན་སིའི་སི་ཀྲང་ཆིན་ཧའེ་ཞང་གིས་གྲོང་གསེབ་ཀྱི་ཉམས་འགྱུར་ཁྲིད་སྟོན་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་དགོས་ཏེ། སྲོལ་རྒྱུན་ཞིང་སྡེ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་པ་དང་ཀྲུང་གོའི་སྲོལ་རྒྱུན་ཞིང་སྡེར་མུ་མཐུད་དུ་བརྟག་དཔྱད་དང་གཏན་ཁེལ་བྱ་རྒྱུ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ས་གནས་སོ་སོས་ཞིང་པའི་སྡོད་ཁང་གཙོ་བོར་འཛིན་པར་མཛུབ་ཁྲིད་བྱེད་པ། སྡེ་བའི་རྣམ་པ་བཅོས་སྒྲིག་དང་ལེགས་བཅོས་བྱས་པ་བརྒྱུད་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་བསྐྲུན་དགོས་ཟེར།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།