ཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་ཉམས་མྱོང་གང་དག་བསགས་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ནང་རྐྱེན་ཞིབ་འཇུག་བརྡར་གཅོད་གསར་ཤོས་ལྟར་ན། ཐེངས་འདིའི་རྒྱལ་ཡོངས་ཀྱི་རིམས་ནད་སྤྱི་ཡོངས་ནས་བཤད་ན་གཙང་སེལ་གྱི་དུས་མཚམས་སུ་སླེབས་པ་དང་། ཨོའུ་ཅི་ན་དང་ཏ་ལེན་སོགས་མཐའ་མཚམས་གྲོང་ཁྱེར་གྱི་ནད་ཡམས་མགྱོགས་མྱུར་ངང་ཐག་གཅོད་ནུས་ལྡན་བྱུང་སྟེ། ཞིང་ཆེན་མང་པོ་ཞིག་གིས་ནད་རྟགས་མི་མངོན་པའི་དུས་རིམ་གཅིག་གི་ནང་རིམས་ནད་ཚོད་འཛིན་བྱས་ཐུབ་ཡོད་པ་རེད།

ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་ཉམས་མྱོང་གང་དག་བསགས་ཡོད་པ་དང་། རྗེས་ཕྱོགས་ད་རུང་སྔོན་འགོག་ཚོད་འཛིན་གྱི་ལས་ཕྱོད་ཇི་ལྟར་སྔར་བས་ཆེ་རུ་གཏོང་དགོས་པའི་ཐད་ནས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ཀྱི་འབྲེལ་ཡོད་མི་སྣས་ལན་བཏབ་པ་རེད།

རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་འཁོར་རྒྱུག་སྙོམ་སྒྲིག་ཆེད་མཁས་རུ་ཁག་བཙུགས་པ།

ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད། འབྲེལ་ཡོད་སྡེ་ཁག་གིས་ཧྲང་ཧའེ་སོགས་ས་ཁུལ་མང་པོའི་རིམས་ནད་ཐག་གཅོད་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། མགྱོགས་མྱུར་གྱིས་རིམས་ནད་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་ཡམས་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ལེའང་ཡིའུ་ཡིས་བཤད་པ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམས་ནད་བཤེར་འཇལ་དང་ཆ་འཕྲིན་སྙན་ཞུར་ཤུགས་སྣོན་བརྒྱབ་སྟེ། “གདགས་གཤིས་ཡིན་ཚེ་ངེས་པར་དུ་སྙན་སེང་ཞུ་དགོས་པ་དང་། སྙན་ཞུ་འབྱོར་ཚེ་འཕྲལ་མར་རྩད་ཞིབ་བྱེད་དགོས་པ”ལག་བསྟར་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ནང་རྐྱེན་ཕྱོགས་བསྡུས་ཚན་ཆུང་གིས་འཕྲལ་མར་བྱ་བའི་ཚན་ཆུང་ནད་ཡམས་མཆེད་པའི་ཉེན་ཁ་ཡོད་པའི་ཞིང་ཆེན་དུ་མངགས་ནས། འཕྲལ་སྡོམ་ཐག་གཅོད་ཀྱི་བྱ་བ་སྤེལ་བ་དང་། ནད་ཡམས་སྔ་མོར་ཤེས་རྟོགས་དང་སྔ་མོར་ཐག་གཅོད་བྱེད་པར་དུས་ཚོད་བརྩོན་ལེན་བྱས་པ་རེད།

དུས་མཚུངས་སུ། འབྲེལ་ཡོད་སྡེ་ཁག་གིས་སྔར་བས་ཚན་རིག་དང་མཐུན་པའི་གནད་ཁེལ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་དེ། རྒྱུན་ཁུངས་འདེད་པའི་ཆེད་དོན་འཛིན་གྲྭ་དང་ས་ཁོངས་མཐུན་སྦྱོར་ཞིབ་བཤེར་ཆེད་དོན་འཛིན་གྲྭ་སོགས་སྡེ་ཁག་མང་པོའི་མཐུན་སྦྱོར་ནང་རྐྱེན་ནུས་ལྡན་སྒོས་འདོན་སྤེལ་བྱས་ཤིང་། རྒྱལ་ཁབ་ཀྱི་འཁོར་རྒྱུག་སྙོམས་སྒྲིག་རྒྱུན་འདེད་ཆེད་མཁས་རུ་ཁག་འཕྲལ་མར་ཡུལ་དངོས་སུ་སོང་ནས། ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་དུ་མཐུན་སྦྱོར་ངང་དམག་འཐབ་བྱས་ཏེ་དུས་ཚོད24རིང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་བརྒྱུད་འབྲེལ་བྱེད་མཁན། དེ་མིན་ཉེན་ཁ་ཡོད་པའི་མི་སྣ་གཞན་དག་བཅས་མགྱོགས་མྱུར་གྱིས་རྩད་ཞིབ་དང་།དོ་དམ་ཚོད་འཛིན་བྱས་ནས་རིམས་ནད་ཕྱིར་མཆེད་པར་སྔོན་འགོག་ནུས་ལྡན་བྱས་པ་རེད།

འབྲེལ་ཡོད་སྡེ་ཁག་གིས་ད་རུང་རིམས་ནད་འབྱུང་ཁུངས་དང་མཆེད་ལམ་བརྟག་དཔྱད་དབྱེ་ཞིབ་བྱ་བ་གཏིང་ཟབ་སྒོས་སྤེལ་ནས། རིམས་ནད་ནང་དུ་མཆེད་པའི་འབྱུང་རྩ་དང་ནད་དཔེ་འགོས་པའི་འབྱུང་ཁུངས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ཤིང་། ནད་རྟགས་མི་མངོན་པའི་ནད་པར་མགྱོགས་མྱུར་གྲལ་བཤེར་དང་དོ་དམ་ཚོད་འཛིན་བྱས་ནས་ནད་དུག་མཆེད་ལམ་བཅད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་དང་མཉམ་དུ། ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་དང་ས་གནས་སོ་སོའི་ནད་ཡམས་ཚོད་འཛིན་ལས་ཁུངས་ནས་ནད་ཡམས་རིག་པའི་བརྟག་དཔྱད་དང་ནད་ཡམས་དབྱེ་ཞིབ།ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་ནས་ཆེད་ལས་ཀྱི་ནུས་པ་ཆེ་ལ་དངོས་འཐབ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ300ལྷག་བདམས་ནས། རྒྱལ་ཁབ་མཆེད་ནད་རིག་པའི་བརྟག་དཔྱད་རུ་ཁག་བཙུགས་ཐོག ས་ཁུལ་ཁག་བགོས་ཀྱིས་ཁ་གཏད་འགན་ལེན་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་པ་རེད།

“ཆེད་མཁས་རུ་ཁག་དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་འབྱོར་ཏེ། ཞིང་ཆེན་དང་གྲོང་ཁྱེར་གྱི་སྟོབས་ཤུགས་དང་མཉམ་དུ་དམག་འཐབ་བྱས་ནས་དུས་ཚོད24རིང་རིམས་ནད་མཆེད་ལམ་གསལ་རྟོགས་ཐུབ་པར་བརྩོན་ལེན་བྱས་པ་ཡིན” ཞེས་ཝུའུ་ལེའང་ཡིའུ་ཡིས་དེ་ལྟར་བཤད།

ཉིང་སྐྱུར་བཤེར་མཇལ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་སྔོན་འགོག་ཚོད་འཛིན་ལ་སྔར་བས་གནད་ཁེལ་འདེགས་སྐྱོར་བྱས་པ།

“གཏན་འཁེལ་གྱི་དུས་ཚོད་དང་དུས་ཚོད་ཐུང་ངུའི་ནང་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་ས་ཁོངས་ཀྱི་ཁྱབ་ཁོངས་དབྱེ་འབྱེད་གཏན་འཁེལ་སྒོས་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བཤེར་འཇལ་ལས་འགན་ལེགས་སྒྲུབ་བྱས་པ་དེས་སྔོ་མོ་ནས་རིམས་ནད་ཚོད་འཛིན་ཐུབ་པར་ནུས་པ་གལ་ཆེན་ཐོན་ཡོད” ཅེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་དོ་དམ་ཅུས་ཀྱི་ལྟ་ཞིབ་ཆེད་བསྐོས་པ་ཀུའོ་ཡན་ཧུང་གིས་དེ་ལྟར་བཤད།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རིམས་ནད་ཁྲོད་ནང་སོག་གི་ཨེ་ཅི་ན་ཆི་རུ་དེ་སྔའི་ཉིང་སྐྱུར་བཤེར་འཇལ་ནུས་པ་ཉིན་རེར་སྦུ་གུ1440ལས་མེད་པ་ནས། བསྡུ་རུབ་བྱས་པ་བརྒྱུད་དེ་དུས་ཚོད་ཐུང་ཤོས་ནང་བཤེར་འཇལ་ནུས་པ་ཉིན་རེར་སྦུ་གུ་ཁྲི2བར་ཇེ་མང་དུ་སོང་ཞིང་ཉིན་གཅིག་གི་དུས་ཚོད་ཀྱང་མ་འགོར་བར་ཚང་མར་ཉིང་སྐྱུར་བཤེར་འཇལ་བྱས་པ་རེད།

ཉིན་རེར་སྦུ་གུ་ཁྲི34.5ཡི་བཤེར་འཇལ་སྟོབས་ཤུགས་བསྡུ་རུབ་བྱས་པ་བརྒྱུད། ལུའོ་ཉིང་ཏ་ལེན་གྱིས་ཀྱང་དུས་ཡུན་ཐུང་ངུའི་ནང་ཉིང་སྐྱུར་བཤེར་འཇལ་ནུས་པ་ཉིན་རེར་སྦུ་གུ་ཁྲི60བར་མཐོ་རུ་བཏང་ནས། ས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དེ་བས་གནད་ཁེལ་གྱི་འདེགས་སྐྱོར་བྱས་པ་རེད།

སློབ་གསོ་པུའུ་སྔོན་འགོག་ཚོད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ནམ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སི་ཡི་སི་ཀྲང་ཝང་ཏེང་ཧྥུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཡར་སྔོན་ཞིང་ཆེན་ཁ་ཤས་ཀྱི་དགེ་སློབ་ཁ་ཤས་ལ་དུས་བཀག་ཉིང་སྐྱུར་བཤེར་འཇལ་བྱས་རིང་གདགས་གཤིས་ཡིན་པའི་ནད་པ་ཤེས་རྟོགས་བྱུང་ནས་རིམས་ནད་གཞི་ཁྱོན་ཆེན་པོས་མཆེད་པ་སྔོན་འགོག་བྱས་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བའི་སློབ་གསོ་མ་ལག་གིས་དུས་བཅད་དང་དུས་བཅད་མ་ཡིན་པའི་སྒོ་ནས་དགེ་སློབ་ཁ་ཤས་སམ་ཡང་ན་ཚང་མར་ཉིང་སྐྱུར་བཤེར་འཇལ་བྱེད་ཀྱིན་ཡོད།

ཝུའུ་ལེའང་ཡིའུ་ཡིས་ད་རུང་ཐེངས་འདིའི་རིམས་ནད་དེ་དུས་ཡུན་ཐུང་ངུའི་ནང་ཚོད་འཛིན་བྱེད་ཐུབ་པ་དེ་ནི། རང་རྒྱལ་གྱིས་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་པས། པྲོག་གསར་ནད་དུག་འགོག་ཁབ་ཀྱིས་པྲོག་གསར་ནད་དུག་མཆེད་པ་དང་། ནད་གཞི་ལྕི་མོ་ཅན་མི་ཐོན་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གནད་དུ་འཁེལ་ཞིང་སྨན་བཅོས་སྲོག་སྐྱོབ་སྟོབས་ཤུགས་གཅིག་སྡུད་བྱས་པ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་སི་ཡི་སི་ཀྲང་ངམ་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲུའུ་ཧུང་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཨོའུ་ཅི་ན་དང་།ཧེ་ཧུ།ཏ་ལེན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད། སྡེ་ཁུལ་གྱིས“མགྱོགས་ཤིང་གནད་དུ་ཁེལ་ལ་ཞིབ་ཕྲ་ཅན”གྱི་སྔོན་འགོག་ཚོད་འཛིན་བྱས་པས། སྡེ་ཁུལ་གྱི་རིམས་ནད་མཆེད་ལམ་མགྱོགས་མྱུར་ངང་ཐག་གཅོད་དང་། སྡེ་ཁུལ་གྱི་དྲ་བ་ཅན་གྱི་དོ་དམ་བྱེད་ཐབས་དོན་འཁྱོལ་བྱས་ཤིང་། སྡེ་ཁུལ་གྱི་བདེ་ཐང་ལྟ་ཞིབ་སྔར་བས་ཞིབ་ཚགས་སུ་བཏང་ཡོད།

མིག་སྔའི་བར་ཐེངས་འདིའི་རིམས་ནད་ཀྱི་ནད་པ40%དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པ་དང་།“སྨན་བཅོས་སྲོག་སྐྱོབ་ཁྲོད་ཆེད་མཁས་པ་གཅིག་སྡུད་དང་། ཐོན་ཁུངས་གཅིག་སྡུད། ནད་པ་གཅིག་སྡུད། གཅིག་བསྡུས་སྨན་བཅོས་བཅས་བྱས་པ་ནི་ང་ཚོའི་ཉམས་མྱོང་གལ་ཆེན་ཞིག་ཡིན”ཞེས་ཀུའོ་ཡན་ཧུང་གིས་དེ་ལྟར་བཤད།

གཞན་ཡང་འབྲེལ་ཡོད་སྡེ་ཁག་གིས“ཕྱི་འགོག་ནང་མཆེད”ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས་སྐམ་ས་དང་། གྲུ་ཁ། མཁའ་འགྲུལ་འགག་སྒོ་བཅས་ཀྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་བརྒྱུད་རིམ་ལྡན་པའི་ངང་གྲལ་བཤེར་བྱས་ཏེ་དུས་ཐོག་དང་། རང་འགུལ་ངང་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཁྱོན་ཡོངས་ནས་ཡོངས་བསྒྲགས་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས་རིམས་ནད་སྦ་གསང་བྱེད་པ་དང་གང་སར་མཆེད་པའི་ཉེན་ཁ་ཇེ་ཉུང་དུ་བཏང་ཡོད།

“རྗེས་མར་ང་ཚོས་ཐེངས་འདིའི་རིམས་ནད་གནས་ཚུལ་གྱི་ཉམས་མྱོང་དང་བསླབ་བྱ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་།གནད་ཁེལ་སྔོན་འགོག་ཚོད་འཛིན་མངོན་གསལ་དོད་པོ་དང་། སྔ་མོ་དང་ཆུང་ས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དགུན་དཔྱིད་དང་ལོ་གསར། ལུགས་རྙིང་ལོ་གསར་བཅས་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན” ཞེས་ཝུའུ་ལེའང་ཡིའུ་ཡིས་དེ་ལྟར་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།