ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ས་གནས་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་པེ་ཅིང་དུ་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”གཏིང་ཟབ་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲིབ་ཐུབ་པ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱར་བརྟེན་ནས་ས་གནས་ཁྲིམས་འཛུགས་བྱ་བར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་ངང་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས། ས་གནས་ཀྱི་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བྱ་བའི་ཚོགས་འདུ། ཀྲུང་དབྱང་དམངས་ཆེན་བྱ་བའི་ཚོགས་འདུ་སོགས་ཀྱི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཁྲིམས་འཛུགས་ཀྱི་ཆབ་སྲིད་ཀྱི་རྩ་དོན་དང་། ཁྲིམས་འཛུགས་ཀྱི་དམིགས་ཚད། ལས་འགན་གཙོ་བོ། བྱེད་དོན་བྱེད་ནུས། མཛུབ་ཁྲིད་ཀྱི་རྩ་དོན། ཁྲིམས་འཛུགས་ཀྱི་ཤུགས་རྒྱག་ས། གཙོ་གཞིའི་འགན་འཁྲི་སོགས་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་། ས་གནས་ཀྱིས་ཁྲིམས་འཛུགས་གཙོ་གཞིར་སྤྱི་ཡོངས་ལ་ནན་འཛིན་བྱས་ཤིང་། འཕྲལ་མཁོར་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལ་ཆབ་སྲིད་ཀྱི་རང་བཞིན་དང་།རིགས་གཞུང་རང་བཞིན། མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དང་ས་གནས་ཀྱི་ཁྲིམས་འཛུགས་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། ཉིང་བཅུད་དང་དོན་སྙིང་ཤེས་ཤིང་གོ་དོན་མཐིལ་རྟོགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ཁྲིམས་འཛུགས་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས།   

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ས་གནས་སོ་སོའི་དམངས་ཆེན་ཀྱིས་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས། ཁྲིམས་འཛུགས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད། ཁྲིམས་འཛུགས་ཀྱི་ནང་དོན་ཐད་ནས་ལྟས་ན། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ། ས་གནས་སོ་སོའི་དོན་དངོས་ལ་གཞིགས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཡོངས་ཁྱབ་ངང་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ཁྲིམས་འཛུགས་ཀྱི་རྣམ་པའི་ཐད་ནས་ལྟས་ན། ས་གནས་ཀྱི་ཁྱད་ཆོས་མཚོན་པ་དང་ཁྲིམས་འཛུགས་ཀྱི་ཆོས་ཉིད་དང་མཐུན་པའི་ཁྲིམས་འཛུགས་བྱེད་སྟངས་དང་ཉམས་མྱོང་ཁ་ཤས་ཆགས་ཤིང་། ས་གནས་ཀྱི་ཁྲིམས་འཛུགས་རྣམ་པ་གསར་གཏོད་བྱེད་པའི་ཕན་འབྲས་མངོན་གསལ་རེད། ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་དམངས་ཆེན་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 

 ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ཁྲིམས་འཛུགས་བྱ་བས་རྩ་བ་བརྟན་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་དང་། མུ་མཐུད་དུ་ཉམས་མྱོང་དང་བྱེད་ཐབས་འཚོལ་ཞིབ་དང་དུས་ཐོག་ཏུ་སྤྱི་སྡོམ་བྱས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། གཅིག་ནི་ཏང་གིས་ཁྲིམས་འཛུགས་བྱ་བར་མགོ་ཁྲིད་བྱ་རྒྱུ་ཞིབ་ཕྲ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གིས་མགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་རྩ་དོན་དེ་ཁྲིམས་འཛུགས་བྱ་བའི་ཁྲོད་དུ་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་ཁག་ཐེག་ཏན་ཏིག་བྱ་དགོས། གཉིས་ནི་ས་གནས་ཀྱི་དོན་དངོས་འབུར་དུ་ཐོན་པ་བྱས་ནས། ཁྲིམས་འཛུགས་ལ་བརྟེན་ནས་ས་གནས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། གསུམ་ནི་ཁྲིམས་འཛུགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཁྲིམས་འཛུགས་ནང་དོན་དང་དོན་ཚན་སྤྱི་དཔེ། ལས་ཀའི་ལམ་སྲོལ་སོགས་ཀྱི་ཐད་ལ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། བཞི་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་སྤེལ་བཏང་ནས། ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་ཏེ། ཁྲིམས་འཛུགས་དེ་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་ཡོང་བར་འགན་ལེན་བྱེད་དགོས། ལྔ་ནི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དབང་ཚད་དང་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གོ་རིམ་གཞིར་བཟུང་ནས། ས་གནས་ཀྱི་ཁྲིམས་འཛུགས་བྱ་བ་སྒྲུབ་དགོས། དྲུག་ནི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་སྔར་བས་ལེགས་པོར་བྱེད་པ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྩ་ཁྲིམས་རང་བཞིན་གྱི་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏང་དགོས། བདུན་ནི་བྱང་ཚད་མཐོ་བའི་ཁྲིམས་འཛུགས་ཆེད་ལས་འཇོན་མའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ཁྲིམས་འཛུགས་དཔུང་ཁག་དང་ཁྲིམས་འཛུགས་ནུས་པར་འཛུགས་སྐྱོང་ལ་སྐུལ་འདེད་གཏང་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝན་ཨེ་ཞང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། རྒྱལ་ཡོངས་དམངས་ཆེན་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས། ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན10ཡིས་གཏམ་བཤད་གནང་།  

བཞུགས་མོལ་ཚོགས་འདུ་དེ་བརྙན་འཕྲིན་ཚོགས་འདུའི་རྣམ་པས་འཚོགས་པ་དང་། པེ་ཅིང་དུ་ཚོགས་ར་གཙོ་བོ་བཙུགས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོར་ཡན་ལག་ཚོགས་ར་བཙུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།