ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་བཙུགས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་བཙུགས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གཅིག་གྱུར་ཨུ་རུ་སུ་ཏང་བཙུགས་ནས་ལོ་འཁོར20ལོན་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། གཅིག་གྱུར་ཨུ་རུ་སུ་ཏང་ནི་ཨུ་རུ་སུའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་ལ། ནུས་ཤུགས་ཡོད་རྒུས་ཨུ་རུ་སུའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཙུང་ཐུང་ཕུའུ་ཅིང་གིས་གཏན་འབེབས་བྱས་པའི་འཐབ་ཇུས་ཁ་ཕྱོགས་དངོས་འབེབས་བྱེད་པ་དང་། རྒྱལ་ནང་གི་ཆབ་སྲིད་གཏན་འཇགས་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། རྒྱལ་སྤྱིའི་གོ་གནས་མཐོར་འདེགས་བཅས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བས་ཨུ་རུ་སུའི་སྤྱི་ཚོགས་ཀྱིས་ཁས་ལེན་རྒྱ་ཆེར་གནང་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སུ་ཏང་བར་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ལོ་ངོ20རིང་། ཏང་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སོང་སྟེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་དང་། ཀྲུང་ཨུའི་ཆབ་སྲིད་དང་འཐབ་ཇུས་ཡིད་རྟོན་སྲ་བརྟན། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་གཏོང་བ་བཅས་ཀྱི་ཐད་ལ་ཁྱད་དུ་འཕགས་པའི་བྱེད་ནུས་འདོན་སྤེལ་བྱས་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་གྱུར་ཨུ་རུ་སུ་ཏང་བར་གྱི་མཛའ་བརྩེ་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཏང་གཉིས་ཀྱིས་མུ་མཐུད་དུ་སྒྲིག་ལུགས་ཅན་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་དུས་རབས་གསར་བའི་ཀྲུང་ཨུ་འབྲེལ་བ་དེ་སྔར་བས་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་རེ་བ་ཡོད་ཞེས་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།