སྡེ་ཁག་གཉིས་ཀྱིས་ཀྲུང་དབྱང་གི་དགུན་དཔྱིད་དུས་ཀྱི་གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར51.98རྩིས་སྤྲོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས30ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉེ་ལམ2021ལོ་ནས2022ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་དགུན་དཔྱིད་དུས་ཀྱི་འཚོ་བར་དཀའ་ཁག་ཡོད་པའི་གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར51.98བཀོད་སྒྲིག་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བར་རྒྱབ་སྐྱོར་དང་རོགས་སྐྱོར་བྱ་རྒྱུ་རེད།

ཞིང་ཆེན་སྐོར་ཞིག་གི་དགུན་དཔྱིད་དུས་ཀྱི་ལས་འགན་ཅུང་ལྕི་བའི་དོན་དགོས་ལ་དམིགས་ཏེ། འཕྲལ་བསྟུན་དོ་དམ་པུའུ་དང་ནོར་སྲིད་པུའུ་ཡིས་སྔ་མོ་ནས་བརྡ་སྦྱོར་བཏང་སྟེ། ས་གནས་སོ་སོས་ནན་ཏན་གྱིས་རྟོག་ཞིབ་གཏིང་ལོན་ལས་དོན་སྤེལ་བར་རྩ་འཛུགས་མཛུབ་སྟོན་དང་། རོགས་སྐྱོར་དགོས་མཁོ་གནད་ལ་འཁེལ་བའི་ངང་བསྡོམས་རྩིས་དང་ཡར་ཞུ་བྱེད་དགོས་ལ། དགུན་དཔྱིད་དུས་ཀྱི་རོགས་སྐྱོར་བྱ་བ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་ཏེ། མ་དངུལ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་སྔ་མོ་ནས་འབྱོར་བར་ཁག་ཐེག་དང་གནོད་ཐེབས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་ནས་དགུན་རོལ་བའི་འགན་སྲུང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།