ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་རྩ་འཛུགས་ཀྱི་སྐབས59པའི་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། 

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་བརྙན་ལམ་བརྒྱུད་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་རྩ་འཛུགས་ཀྱི་སྐབས59པའི་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་བརྙན་ལམ་བརྒྱུད་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་རྩ་འཛུགས་ཀྱི་སྐབས59པའི་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།  

ལི་ཁེ་ཆང་གིས་བསྟན་དོན། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་རྩ་འཛུགས་དེ་ཝན་ལུང་ཚོགས་འདུའི་གྲུབ་འབྲས་ཡིན་པའི་ཆ་ནས། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ་བརྒལ་བའི་རྒྱལ་སྤྱིིའི་བཅའ་ཁྲིམས་ཀྱི་མཉམ་ལས་སྟེགས་བུ་གཅིག་པུ་རེད། ལོ60ལྷག་གི་རིང་ལ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གྲོས་མོལ་གང་ལེགས་བྱས་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ”དང“ཐུན་མོང་དང་ཁྱད་པར་ཡོད་པའི་འགན་འཁྲི”སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འདུ་ཤེས་གལ་ཆེན་འཛུགས་པར་སྐུལ་འདེད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་སྤྱིའི་བཅའ་ཁྲིམས་འཕེལ་རྒྱས་ཀྱི་ཆེད་དུ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད།  མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ཡང་ཡང་ལངས་འཇགས་བྱུང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་ལ། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ལམ་སྲོལ་ལ་རྡུང་རྡེག་ཐེབས་ཡོད། འཛམ་གླིང་མི་འབོར་གྱི་བཞི་ཆ་གསུམ་ཟིན་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་བརྟན་སྲུང་དང་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ལི་ཁེ་ཆང་གིས་གྲོས་མགོ་ཁག་ལྔ་བཏོན་ཡོད་དེ། 

དང་པོ། བདག་དབང་འདྲ་མཉམ་མཐའ་འཁྱོངས་བྱས་ཏེ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས། ཐོག་མཐའ་ཀུན་དུ་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་སོ་སོས་རང་བདག་ངང་འཕེལ་རྒྱས་ཀྱི་ལམ་བུ་དང་དཔེ་དབྱིབས་འདེམས་པའི་དབང་ཆར་བརྩི་འཇོག་གང་ལེགས་བྱེད་པ་དང་། དཔལ་ཡོན་དང་སྤྱི་ཚོགས་ལམ་ལུགས་ཀྱི་སྣ་མང་རང་བཞིན་ལ་བརྩི་འཇོག་གང་ལེགས་བྱེད་དགོས། རྒྱལ་ཁབ་གཅིག་གི་ལས་དོན་རྣམས་རྒྱལ་ཁབ་དེ་རང་གི་མི་དམངས་ཀྱིས་ཐག་གཅོད་པ་དང་། རྒྱལ་སྤྱིའི་ཐོག་གི་ལས་དོན་རྣམས་ཚང་མས་ཐུན་མོང་དུ་གྲོས་མོལ་བྱས་ནས་ཐག་གཅོད་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་ཐོག་མཐའ་ཀུན་དུ་བདག་དབང་འདྲ་མཉམ་ལ་སྲུང་སྐྱོང་དང་། ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་དྲང་བདེན་སྟོབས་ཤུགས་ཤིག་བྱེད་དགོས། 

གཉིས་པ། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་སྒོ་འབྱེད་མཉམ་རྒྱལ་ཡོང་བ་བྱེད་དགོས། གཉིས་ཁེ་གཉིས་ཕན་དང་སྒོ་འབྱེད་བསྟུན་མཁས་ཀྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ལམ་སྲོལ་བཟོ་བའི་གཏམ་གླེང་དབང་ཆ་ཆེ་རུ་གཏང་དགོས། ཀྲུང་གོས《ས་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། “ཨ་ཧྥེ་རི་ཁའི་འཕེལ་རྒྱས་རོགས་ཟླའི་གྲོས་མགོར་རྒྱབ་སྐྱོར་བྱེད་པ”ལ་སྐུལ་འདེད་བཏང་ནས། ཕྱོགས་སོ་སོ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་སྐུལ་འདེད་གཏང་དགོས། 

གསུམ་པ། རིམས་ནད་འགོག་སྲུང་གི་འཛིང་རགས་བརྟན་པོར་བསྐྲུན་ཏེ། ཐུན་མོང་ཐོག་འཕྲོད་བསྟེན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚན་རིག་གི་སྙིང་སྟོབས་རྒྱུན་འཛིན་དང་ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ། ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས། འདྲ་མཉམ་ལུགས་མཐུན་གྱི་རིམས་འགོག་སྨན་ཁབ་བགོ་བའི་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ས་ཁོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་བགོ་འགྲེམས་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས།  

བཞི་པ། ལྗང་མདོག་གཞན་བསྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། ཐུན་མོང་ཐོག་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》གཞི་འཛིན་ས་གལ་ཆེན་དུ་བྱས་ཏེ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔོན་ལ་བཙོག་འབུད་ཉུང་གཏོང་དང་སྦགས་བཙོག་བྱེད་མཚམས་བཞག་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ། ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཏན་ཏིག་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་རྒྱལ་བབ་ཀྱི་དོན་དངོས་ལ་གཞིགས་ནས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་དོ་སྙོམས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས།

ལྔ་པ། འདྲ་མཉམ་དྲང་བདེན་མཐའ་འཁྱོངས་བྱས་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས། བཅའ་ཁྲིམས་བཟང་པོར་བརྟེན་ནས་བཅོས་སྐྱོང་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་མང་སྒྲིག་གཞི་སྒྱུར་བཅོས་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་གླེང་དབང་ཆ་ཆེ་རུ་གཏང་དགོས། ཧུར་ཐག་སྒོས་ཟབ་མཚོ་དང་། གླིང་སྣེའི་ས་ཁུལ། མཁའ་སྟོང་། དྲ་རྒྱ། གྲངས་འཛིན་སོགས་གསར་དར་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་པར་ཞུགས་ཏེ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས།

 ལི་ཁེ་ཆང་གིས་ཀྲུང་གོས་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་མཐུན་ཚོགས་དང་མཉམ་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ས་ཁོངས་འདུམ་གཅོད་ལྟེ་གནས་བཙུགས་ཏེ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་བར་ལ་སྔར་བས་སྟབས་བདེ་ཞིང་ཕན་འབྲས་ཆེ་བའི་རྩོད་གཞི་ཐག་གཅོད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། 

 ལི་ཁེ་ཆང་གིས་བསྟན་དོན། མིའི་རིགས་ལ་འཕྲད་པའི་འགྲན་སློང་གི་མདུན་དུ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྟན་སྲུང་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་མཐུན་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྔར་བས་གོང་བུ་གཅིག་ཏུ་འགྲིལ་ནས། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་པར་ཡིད་ཆེས་ཡོད། 

ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་བཅའ་ཁྲིམས་གྲོས་མོལ་སྐབས59པ་ཞང་ཀང་དུ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་འཚོགས་པ་དང་། ཚོགས་འདུའི་ཁོངས་གཏོགས་རྒྱལ་ཁབ་དང་ལས་འཛིན་ལྟ་ཞིབ་རྒྱལ་ཁབ། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི200ཙམ་ཚོགས་འདུར་ཞུགས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།