ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་གྲོས་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ཐོག་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་གྲོས་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའམ་ཨུ་རུ་སུའི་རྒྱལ་ཁབ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱི་གདན་ཞུས་ལྟར། ཚེས29ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་གྲོས་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ཐོག་བརྙན་ལམ་ནས་ཤིས་ཚིག་ཕུལ་པ་རེད། 

    ཟླ11པའི་ཚེས29ཉིན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་གྲོས་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའམ་ཨུ་རུ་སུའི་རྒྱལ་ཁབ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལུའོ་ཅིན་གྱི་གདན་ཞུས་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་གྲོས་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ཐོག་བརྙན་ལམ་ནས་ཤིས་ཚིག་ཕུལ་པ་རེད།   

ལི་ཀྲན་ཧྲུའུ་ཡིས་ཤིས་ཚིག་ནང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚབ་བྱས་ནས། ཐེངས་འདིའི་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་གི་རྩ་འཛུགས་ཉིད་ཤུགས་རྐྱེན་གལ་ཆེན་ལྡན་པའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་བདེ་འཇགས་རྩ་འཛུགས་ཤིག་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ཁོངས་མིའི་རྒྱལ་ཁབ་སོ་སོའི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱས་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་བཏང་ཞིང་། ས་ཁུལ་བདེ་འཇགས་ཀྱི་འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པ་སོགས་ལ་དོགས་ཟོན་དང་ཁ་གཏད་གཅོག་པའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཐུན་མོང་བདེ་འཇགས་ཆིངས་ཡིག་གི་སྟོབས་ཤུགས་རྒྱུན་མཐུད་ངང་སྟོབས་ཆེར་འགྲོ་བ་དང་། མཉམ་ལས་ལམ་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བ་བཅས་ལ་ས་ཁོངས་ཕྱི་ནང་ཀུན་གྱི་མཐོང་ཆེན་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་པའི་འགྱུར་ལྡོག་ཆེན་པོ་དང་པྲོག་གསར་གློ་ཚད་རིམས་ནད་གཅིག་ཐོག་ཉིས་བརྩེགས་ངང་བྱུང་བས། རྒྱལ་ཁབ་སོ་སོའི་བདེ་འཇགས་དང་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་ཐེབས་ཡོད། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས། ཁ་ཕྲལ་རིང་ལུགས་བཅས་ཀྱི་འཇིགས་སྐུལ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ལས་བརྒལ་བའི་རྩ་འཛུགས་ཡོད་པའི་ཉེས་གསོག་དང་དུག་རྫས་སོགས་ཀྱི་གནད་དོན་སྔར་ལས་འབུར་དུ་ཐོན་ཡོད་པས། ས་ཁུལ་ཀྱི་བདེ་འཇགས་དང་བརྟན་ལྷིང་ཐད་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོར་འཕྲད་ཡོད། རྒྱལ་ཁབ་ཁག་ཅིག་གིས་འདུ་ཤེས་འཛིན་སྟངས་དབྱེ་འབྱེད་བྱས་ནས། “སྒྲིག་སྲོལ་ལ་བརྟེན་པའི་སྒྲིག་ལམ”ཟེར་བ་ཁྱབ་གདལ་བཏང་སྟེ། ཕྱོགས་རྐྱང་བཀག་སྡོམ་ལག་བསྟར་བྱེད་པ་དང་། བདག་དབང་ལྡན་པའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་བཙན་ཤེད་ངང་ཐེ་ཇུས་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་མ་ལག་དང་ཕྱོགས་མང་ལམ་སྲོལ་ལ་ཕོག་ཐུག་ཚབས་ཆེན་བཟོས་ཡོད།   

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་འཇིགས་སྐུལ་གྱི་མདུན་དུ། མཉམ་ལས་བདེ་འཇགས་དང་ཐུན་མོང་བདེ་འཇགས། མཉམ་གཅིག་བདེ་འཇགས་བཅས་ནི་གནད་དོན་ཐག་གཅོད་བྱེད་པའི་གདམ་ག་ཡང་དག་ཅིག་རེད་ཅེས་བསྟན་ཡོད། གནས་བབ་གསར་པའི་འོག ཇི་ལྟར་དགེ་མཚན་ལྡན་པའི་ཕན་ཚུན་ཕྱོགས་མང་མཉམ་ལས་བྱས་ཏེ། རྒྱུན་ཆད་མེད་པར་ཐོན་པའི་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས། བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱ་རྒྱུ་ནི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་འཕྲད་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཚུད་པའི་རྒྱ་ཁྱབ་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ཁ་གཏད་གཅོག་དགོས། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་གི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་དང་རོགས་ཟླ་ཡག་པོ་ཡིན། ཀྲུང་གོ་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་གི་ཁོངས་གཏོགས་རྒྱལ་ཁབ་བར་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བར་རྨང་གཞི་དང་ཆ་རྐྱེན་བཟང་པོ་འཛོམས་ཡོད། བདེ་འཇགས་ནི་འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ཀྲུང་གོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་བཏང་ནས་རང་ཉིད་ལྟོས་མེད་བདེ་འཇགས་ཡོང་ཐབས་ཀྱི་བྱེད་སྟངས་ལ་ངོ་རྒོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་དང་བབ་བསྟུན་སྣ་མང་གི་མཉམ་ལས་བྱས་ནས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ས་ཁོངས་རང་བཞིན་གྱི་བདེ་འཇགས་རྩ་འཛུགས་དང་ལམ་སྲོལ་གྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་བཏང་ནས། སྔར་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།