ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་མགོ་ཚུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་མགོ་ཚུགས་ཤིང་། ཧན་ཀྲིན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཤིང་ཤིས་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་པེ་ཅིང་དང་མོ་སི་ཁོ་གཉིས་སུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཤིང་ཤིས་ཚིག་ཀྱང་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད། ནུས་རྒྱུའི་མཉམ་ལས་དེ་ཐོག་མཐའ་ཀུན་དུ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཁྲོད་ཀྱི་གལ་ཆེ་ཤོས་དང་གྲུབ་འབྲས་མང་ཤོས། ཁྱབ་ཚད་ཆེ་ཤོས་ཀྱི་ཁྱབ་ཁོངས་ཤིག་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་དངོས་ཀྱི་དོ་ཁུར་དང་སྐུལ་འདེད་འོག ཀྲུང་ཨུའི་ནུས་རྒྱུའི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཤིང་། དངོས་སྒྲུབ་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། སྔར་བས་དམ་ཟབ་ཀྱི་ནུས་རྒྱུའི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ། ཀྲུང་ཨུའི་ནུས་རྒྱུའི་མཉམ་ལས་ཡུན་རིང་རྒྱུན་མཐུད་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  

ཧན་ཀྲིན་གྱིས་ཀྲུང་ཨུའི་ནུས་རྒྱུའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་གྲོས་མགོ་བཞི་བཏོན་ཡོད་དེ། གཅིག་ནི་གོང་འོག་སྦྲེལ་མཐུད་དང་འཕྲེད་ཕྱོགས་མཉམ་ལས་ཀྱི་རྣམ་པ་ཞིག་མགྱོགས་མྱུར་ངང་བསྐྲུན་ནས། ནུས་རྒྱུའི་ཚོང་དོན་དང་མ་འཇོག ལག་རྩལ་དང་ཞབས་ཞུའི་མཉམ་ལས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། གཉིས་ནི་ཧུར་ཐག་གིས་ནུས་རྒྱུའི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་ནང་དོན་གསར་པ་རྒྱ་ཆེར་བཏང་ནས། ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པའི་ཚོད་ལྟ་དང་བཀོལ་སྤྱོད་མཉམ་ལས་ལ་ཤུགས་བསྣན་ཏེ། ནུས་རྒྱུའི་ཚད་གཞི་སྦྲེལ་མཐུད་དང་ཕན་ཚུན་ཁས་ལེན་མཉམ་ལས་གཏིང་ཟབ་ཏུ་གཏང་དགོས། གསུམ་ནི་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ། སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས་ནས་ཕྱོགས་གཉིས་ཀྱི་ནུས་རྒྱུའི་ཁེ་ལས་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏང་དགོས། བཞི་ནི་ཐུན་མོང་ཐོག་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། བསྐྱར་སྐྱེས་ནུས་རྒྱུ་དང་ཆིང་ནུས། གསོག་ནུས། ཤེས་རིག་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་མགོར་ལག་གདང་སྦྲེལ་ནས་ལག་ལེན་བསྟར་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། 

ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གཞོན་པ་པའོ་ལི་སུའོ་ཧྥུའུ་དང་ནུའོ་ཝ་ཁི། ཨུ་རུ་སུའི་ཙུང་ཐུང་གི་ནུས་རྒྱུ་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོའམ་ཨུ་རུ་སུ་རྡོ་སྣུམ་ཀུང་སིའི་སྤྱི་འཛིན་ཞེ་ཆིན་བཅས་མགོ་ཚུགས་མཛད་སྒོར་ཞུགས། ཞེ་ཆིན་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ཤིང་ཤིས་ཚིག་ཕུལ། ནུའོ་ཝ་ཁི་ཡིས་ཀྱང་ཤིས་ཚིག་ཕུལ།

ཀྲུང་ཨུ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ནུས་རྒྱུའི་ཁེ་ལས། དངུལ་རྩའི་ལས་ཁུངས། ཞིབ་འཇུག་ལས་ཁུངས། ལས་རིགས་མཐུན་ཚོགས་བཅས་ཀྱི་འཐུས་མི300ལྷག་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།