ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་ནས་དྲང་གཞག་གིས་རྒྱུན་མཐུད་ངང་ཐག་གཅོད་མངོན་འགྱུར་བྱས་ན་ཕ་ལེ་སི་ཐན་དང་དབྱི་སི་ལེ་རྒྱལ་ཁབ་གཉིས་འཆམ་མཐུན་མཉམ་གནས་དང་། ཨ་རབ་དང་ཡིའུ་ཐའེ་མི་རིགས་ཆེན་མོ་གཉིས་ཐུན་མོང་འཕེལ་རྒྱས་ཡོང་ཐུབ་ལ། ཕ་ལེ་སི་ཐན་དང་དབྱི་སི་ལེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་འཚམ་ཞིང་། ས་ཁུལ་གཏན་འཇགས་ཀྱི་རྒྱང་རིང་དམིགས་འབེན་དང་། ཞི་བདེ་ལ་དགའ་བ་དང་དྲང་གཞག་གཙོར་འཛིན་པའི་རྒྱལ་ཁབ་དང་མི་དམངས་ཀྱི་ཐུན་མོང་གི་རེ་གཞག་དང་ཡང་འཚམ་པས། ཕ་ལེ་སི་ལན་གནད་དོན་ཐག་གཅོད་པར་ངེས་པར་དུ་ཡང་དག་པའི་རྩ་དོན་དང་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དངོས་ཀྱི་དྲང་གཞག་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་ཁོང་ཡངས་དང་བཟོད་སྒོམ་དར་སྤེལ་བཏང་ནས། མ་ཏེ་ལེའི་ཞི་བདེའི་གྲོས་ཚོགས་འཚོགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བཟུང་སྟེ། ཕ་ལེ་སི་ཐན་དང་དབྱི་སི་ལེ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཆར་གཞི་ཡང་བསྐྱར་མགོ་བརྩམས་ནས་འདྲ་མཉམ་ངང་གླེང་མོལ་བྱེད་པར་རོགས་འདེགས་སྔར་བས་མང་པོ་འདོན་སྤྲོད་བྱེད་དགོས། དུས་མཚུངས་སུ། མུ་མཐུད་དུ་ཕ་ལེ་སི་ཐན་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་རོགས་སྐྱོར་བྱེད་པ་དང་། ཕ་ལེ་སི་ཐན་གྱི་དཔལ་འབྱོར་དམངས་འཚོ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་བཅོས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕ་ལེ་སི་ཐན་གནད་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཕ་ལེ་སི་ཐན་གནད་དོན་སྟེང་ནམ་ཡིན་ཡང་དྲང་གཞག་བདེན་དྲང་རྒྱུན་འཁྱོངས་བྱས་ཏེ། བར་འདུམ་གྲོས་མོལ་ཡོང་བར་འབད་ནས་མུ་མཐུད་དུ་ཕ་ལེ་སི་ཐན་ཕྱོགས་ལ་མི་ཆོས་དང་འཕེལ་རྒྱས། རིམས་འགོག་སོགས་ཀྱི་རོགས་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཐད་ཀྱི་འབྲེལ་ཡོད་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན། བདེ་འཛིན་ལྷན་ཚོས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་གྱི་རྒྱལ་ཁབ་དང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་མོ་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཕ་ལེ་སི་ཐན་གནད་དོན་སྔ་མོ་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་དང་། དབུས་ཤར་ས་ཁུལ་གྱི་རྒྱུན་མཐུད་འཆམ་མཐུན་དང་གཏན་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།