ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབད་པས་གཏོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧོང་ཁུན་མིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་སྒྲོག་རྒྱ་ཁྱབ་གཏིང་ཟབ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབད་པས་གཏོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས26ཉིན་ནས28ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་སྐབས། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དྲིལ་སྒྲོག་སྒྲོག་འགྲེལ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབད་པས་གཏོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་དགོས། 

རྟོག་ཞིབ་གནང་རིང་། ཧོང་ཁུན་མིང་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དང་ཞང་དབྱང་གྲོང་ཁྱེར་དུ་ཕེབས་ནས། སློབ་གྲྭ་དང་སྡེ་ཁུལ། ཁེ་ལས། རིག་གནས་དྲིལ་སྒྲོག་ལས་ཁུངས་བཅས་སུ་གནས་ཚུལ་རྒྱུས་ལོན་གནང་བ་མ་ཟད། ཆེད་མཁས་པ་དང་མཁས་དབང་དང་། མཐོ་སློབ་ཀྱི་དགེ་སློབ། གཞི་རིམ་གྱི་སྒྲོག་འགྲེལ་པ། ལས་བྱེད་མང་ཚོགས་བཅས་དང་ལྷན་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་སྐོར་གྱི་ངོས་འཛིན་མྱོང་ཚོར་གྱི་བསམ་བློ་བརྗེ་རེས་བྱས།   

 ཧོང་ཁུན་མིང་གིས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་བརྒྱའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དུ། ཚང་འཛོམས་གྲོས་ཚོགས་ཀྱི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཏེ། ལོ་རྒྱུས་ཀྱི་གྲོས་ཆོད་གསར་པ་བཞག་པར་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན། ལོ་བརྒྱའི་རིང་བརྟན་སྲུང་ཆད་མེད་དང་འབད་འཐབ་ལྷོད་མེད་བྱས་ཤིང་། ལོ་འདི་དག་རིང་གི་རླུང་རླབས་ཆེན་པོ་དང་འཁྲུག་རྒྱུགས་ཆེན་པོ་བརྒྱུད། རང་རེའི་ཏང་གིས་གྲོས་ཆོད་དེ་འདྲས་ལོ་རྒྱུས་ལ་སྤྱི་སྡོམ་དང་འབྱུང་འགྱུར་མངོན་བསྒྲགས་བྱས་པ་དང་། ཏང་ཡོངས་ཀྱིས་སྔར་མེད་ཀྱི་སྲ་བརྟན་དང་བློ་གསལ། གདེང་ཚོད་ཀྱིས་ཏང་ཡོངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་ལ་སྐུལ་ལྕག་ནུས་ལྡན་བཏང་པ་མཚོན་ཡོད། 

ཧོང་ཁུན་མིང་གིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་བས་ཁྲིད་སྟོན་གཏིང་ཟབ་བྱས་ནས། ལས་བྱེད་མང་ཚོགས་ཀྱིས་ལོ་རྒྱུས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་བ། བྱ་གཞག་གི་རྣམ་པ་གསར་པ་གཏོད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཁྱོན་ཡོངས་དང་ཡང་དག་པ། གསོན་ཉམས་ལྡན་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་གྱིས་ཏང་གིས་ལོ་བརྒྱའི་རིང་བཞག་པའི་བྱས་རྗེས་གཟེངས་སུ་ཐོན་པ་དང་། བསགས་པའི་རྩ་ཆེའི་ཉམས་མྱོང་གསལ་པོར་བཤད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་དོན་སྙིང་གལ་ཆེན། ལོ་རྒྱུས་ཀྱི་གནས་བབ་བཅས་གཏིང་ཟབ་ངང་བཤད་ཅིང་། དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ངང་བཤད་དེ། མི་རྣམས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། གཞི་རིམ་དུ་བསྐྱོད་དེ་ཁག་བགོས་ཅན་དང་དམིགས་ཡུལ་ཅན་གྱི་དྲིལ་སྒྲོག་སྒྲོག་འགྲེལ་བྱེད་པ་དང་། ན་གཞོན་ལ་ཕྱོགས་ནས་དྲིལ་སྒྲོག་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། “བསམ་བློ་ཆབ་སྲིད་སློབ་ཚན”ཡག་པོར་འཚོགས་ནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་གཤགས་པར་སྐུལ་འདེད་གཏོང་དགོས། 

 ཧོང་ཁུན་མིང་གིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དང་གྲུབ་འབྲས་གལ་ཆེན་ལ་སྤྱི་སྡོམ་བྱས་ནས། དུས་རབས་གསར་པའི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་དོན་གྱི་བླང་བྱ་ཁ་གསལ་བཏོན་ཡོད། རིག་གནས་ཀྱི་གདེང་ཚོད་སྲ་བརྟན་དུ་བཏང་ནས། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་ཧྭའི་རིག་གནས་ལ་དུས་རབས་ཀྱི་བཀྲག་མདངས་གསར་པ་འཕྲོ་བར་བྱེད་དགོས། རིག་གནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་སྒུག་གསར་པ་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།