ཧུའུ་ཁྲུན་ཧྭ་ཡིས་ཧྲའན་ཞི་རུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ནས28ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཧྲའན་ཞི་རུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། དབུལ་ཐར་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཏེ། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། 

 ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ཁྲོད་ཀྱི་ཨན་ཁང་གྲོང་ཁྱེར་ཙི་དབྱང་རྫོང་དང་། ཧན་པིན་ཆུས། ཧན་ཀྲུང་གྲོང་ཁྱེར་ཀྲེན་པ་རྫོང་བཅས་སུ་ཕེབས་ནས། དབུལ་ཐར་ཞིང་དུད་དང་། ཞིང་ལས་ཐོན་ལས་ཅན་གྱི་རྟེན་གཞི། ཡུལ་གཞན་གནས་སྤོས་སྡེ་ཁུལ། གྲོང་གསེབ་ཀྱི་སློབ་གྲྭ་དང་འཕྲོད་བསྟེན་ཁང་བཅས་སུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཧན་ཀྲུང་གྲོང་ཁྱེར་ཧན་ཐེ་ཆུས་སུ་བསྐྱོད་ནས་གྲོང་གསེབ་དར་སྤེལ་སྐུལ་འདེད་ལས་དོན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་། 

 ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་ནི་བར་བརྒལ་དུས་ཀྱི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་ལས་འགན་ཨང་དང་པོ་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་ནན་འཛིན་ཡག་པོ་བྱེད་དགོས། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱུན་གཏན་གྲལ་བཤེར་དང་། གཙོ་གནད་གྲལ་བཤེར། གཅིག་སྡུས་གྲལ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། རོགས་སྐྱོར་གྱི་དུས་ཐོག་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས། གཅིག་རྙེད་ན་དེར་རོགས་སྐྱོར་ཐུབ་པར་འགན་ལེན་བྱེད་དགོས། ཡུལ་གཞན་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་སྒོས་བསྒྲུབས་ནས། ཐབས་ལམ་མང་པོས་གནས་སྤོས་མང་ཚོགས་ས་ཆ་དེ་གར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། རྩ་བའི་ཆ་ནས་དབུལ་ཐར་ས་ཁུལ་གྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་འགག་རྩ་ནི་ཐོན་ལས་འཕེལ་རྒྱས་ཏན་ཏིག་གཏོང་རྒྱུ་དེ་རེད། རོགས་སྐྱོར་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས། ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ངལ་རྩོལ་མང་འདུས་ཐོན་ལས་ཧུར་ཐག་སྒོས་གཏོད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ། དབུལ་ཐར་མི་འབོར་ལས་ཞུགས་དང་འབབ་འཕར་ཡོང་བར་རྒྱུན་ཆད་མེད་པར་སྣེ་ཁྲིད་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།