ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་མགོ་གཙོའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་སྐབས་བཅུ་གསུམ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས26ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་མགོ་གཙོའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་སྐབས་བཅུ་གསུམ་པར་ཞུགས་ཏེ་གཏམ་བཤད་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས།  ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཐེངས་འདིའི་གྲོས་ཚོགས་བརྙན་ལམ་གྱི་རྣམ་པས་བསྡུས།

ལིས་ཁི་ཆང་གིས་འདོད་དོན། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་ཚོགས་འདུ་ནི་ཨེ་ཤ་ཡ་དང་ཡོ་རོབ་སྲིད་གཞུང་བར་གྱི་གཞི་ཁྱོན་ཆེ་གྲས་ཀྱི་གླེང་སྟེགས་ཤིག་ཡིན། ཁོངས་ཞུགས་རྒྱལ་ཁབ་ང་གསུམ་གྱིས་འཛམ་གླིང་གི་མི་འབོར་སྤྱིའི་བཅུ་ཆའི་དྲུག་ཙམ་ཟིན་པ་དང་། དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་གི་ཕྱེད་ཀ་ཙམ་ཟིན་ཡོད་ཅིང་། ཉོ་ཚོང་བསྡོམས་འབོར་གྱིས་གོ་ལ་ཧྲིལ་པོའི་བཅུ་ཆའི་བདུན་ཙམ་ཟིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་མངའ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་ཟམ་བསྐྲུན་དགོས་ཞེས་གསུངས།  མིག་སྔར་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ལ་མཉམ་དུ་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གྲོས་གཞི་གལ་ཆེན་དང་འཕྲད་ཡོད་པས། དཀའ་ངལ་ལས་རྣམ་པར་རྒྱལ་རྒྱུའི་ཡིད་ཆེས་དང་བློ་སྟོབས་ཡོད་དགོས་ལ། མཐུན་སྒྲིལ་མཉམ་ལས་ཀྱི་ཡང་དག་པའི་ཐབས་ལམ་དང་བྱ་ཐབས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད(REP)སང་ལོ་དུས་བཅད་ལྟར་ལག་བསྟར་བྱས་ནས། ས་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་དགོས།

ལིས་ཁི་ཆང་གིས་བསྟན་དོན། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་ལམ་བུ་མི་འདྲ་བར་བརྟེན། གནད་དོན་ཁ་ཤས་ཐད་ལྟ་སྟངས་མི་འདྲ་བ་ཡོད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། ཆེས་གནད་འགག་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། མཐུན་པ་ཡོང་ཐབས་ལ་འབད་འབུངས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཐེངས་མང་བའི་གནད་དོན་ཐག་གཅོད་བྱེད་སྐབས། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཆབ་སྲིད་ཀྱིས་ཁ་ཕྱོགས་ཆེན་པོ་ཐག་གཅོད་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ཆེན་པོ་རྒྱུན་འཁྱོངས་བྱེད་པ། འབྲེལ་ཡོད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། དོན་དངོས་དང་མཐུན་པའི་བྱེད་ཐབས་སྟེང་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པ་ཡིན་ན། གཞི་ནས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་། དཔལ་འབྱོར་སླར་གསོ་སྔར་ལས་ཡག་པོ་ཡོང་ངེས་པར་མ་ཟད། ཨེ་ཤ་ཡ་དང་ཡོ་རོབ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱ་ཐུབ་པ་ལས་གཞན། ཨེ་ཤ་ཡ་དང་ཡོ་རོབ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད།

ཧི་ལིས་ཧྥུན་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།