ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ སྲིད་གཞུང་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ཞུགས།

ལིས་ཁི་ཆང་གིས་གཏམ་བཤད་ཁྲོད་འདོད་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་རིང་ལ། ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་བསྐྲུན་དགོས་ཞེས་དགོངས་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ལྷན་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་དར་རྒྱས་བརྟན་འཇགས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མཉམ་དུ་བྱས་རྗེས་འཇོག་འདོད་ཡོད། ལིས་ཁི་ཆང་གིས་དེའི་ཐད་གྲོས་འགོ་ལྔ་བཏོན་ཡོད་དེ། གཅིག་ནས་བདེ་འཇགས་ལྕགས་རི་སྔར་ལས་ཇེ་བརྟན་དུ་བཏང་ནས་ས་ཁུལ་ཡུན་སྐྱོང་བདེ་འགོད་ཡོང་བར་སྲུང་སྐྱོབ་བྱེད་དགོས། གཉིས་ནས་རིམས་ནད་ལ་མཉམ་དུ་སྔོན་འགོག་ཚོད་འཛིན་བྱས་ནས་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་ཡོང་བར་རམ་འདེགས་བྱེད་དགོས། བཞི་ནས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། ལྔ་ནས་དམངས་འཚོའི་བདེ་སྐྱིད་ལ་དམིགས་གཏད་དེ། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིས་ཁི་ཆང་གིས་འདོད་དོན། ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་གཙོ་སྒྲུབ་བྱ་རྒྱུ་ཡིན་པས། ཁོངས་གཏོགས་རྒྱལ་ཁབ་ཁག་དང་མཉམ་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད།

ཚོགས་ཞུགས་རྒྱལ་ཁབ་ཁག་གིས་འདོད་དོན། མིག་སྔའི་གནས་བབ་འོག་ཏུ། རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཚོང་གཉེར་དང་ཐོན་ནུས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་བྱེད་ཤུགས་རྒྱ་ཆེ་རུ་གཏོང་བ། ལྷད་མེད་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་མ་ཟད། འཇིགས་སྐུལ་ལ་ངོ་རྒོལ་དང་དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།