ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་སེ་ཕུའུ་རུ་སིའི་གྲོས་དཔོན་ཏི་སྨི་ཐེ་ལི་ཝུ་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སེ་ཕུའུ་རུ་སིའི་གྲོས་དཔོན་ཏི་སྨི་ཐེ་ལི་ཝུ་དང་གྲོས་མོལ་གནང་། 

ཚེས24ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སེ་ཕུའུ་རུ་སིའི་གྲོས་དཔོན་ཏི་སྨི་ཐེ་ལི་ཝུ་དང་གྲོས་མོལ་གནང་།   

 ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་སེ་རྒྱལ་ཁབ་གཉིས་ལ་ལོ་རྒྱུས་དང་དཔལ་ཡོན་ཡུན་རིང་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ན་སི་ཐ་ཞ་ཅི་སི་ཡི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་བཏོད་ཡོད། པྲོག་གསར་གློ་ཚད་ཀྱི་འགྲན་སློང་མདུན་དུ། ཀྲུང་གོ་དང་སེ་ཕུའུ་རུ་སི་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཕན་ཚུན་རོགས་རམ་བྱས་ཏེ། ཐུན་མོང་ཐོག་དཀའ་ངལ་ཁྱད་སེལ་སྒོས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྔར་བས་གཏིང་ཟབ་ཏུ་བཏང་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སེ་ཕུའུ་རུ་སི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་རེད། ཀྲུང་གོས་སེ་ཕུའུ་རུ་སི་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། གཅིག་ནས་མུ་མཐུད་དུ་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་བཀོད་དང་འཕྲིན་གཏོང་། ལྗང་མདོག བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་སྟེ། རིག་གནས་དང་སློབ་གསོ། ས་གནས་སོགས་ཀྱི་འབྲེལ་འདྲིས་རྒྱ་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོས་སེ་ཕུའུ་རུ་སི་ཡིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོས་ཐོག་མཐའ་ཀུན་དུ་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཡོ་རོབ་བར་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་དགོས་མཁོ་ཆེན་པོ་ཡོད་པས། ཀྲུང་གོ་དང་ཡོ་རོབ་ཀྱིས་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་ན། ཕྱོགས་གཉིས་ལ་ཕན་ཞིང་། འཛམ་གླིང་ཡོངས་ལའང་ཕན་པ་ཡོད་པར་འདོད། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་སེའི་ཁྲིམས་འཛུགས་སྒྲིག་གཞིས་འགྲོ་འོང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བསམ་ཤེས་བརྗེད་ཐོའི་ཐོག་གཏན་འཁེལ་བྱས་པའི་མཉམ་ལས་སྒྲོམ་གཞིའི་རྨང་གཞི་ཐོག ཕྱོགས་གཉིས་ཀྱི་དགེ་མཚན་ལྡན་པའི་འགྲོ་འོང་གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་སེའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་པའི་རེ་འདོད་ཡོད། མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཤིང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་མཛའ་མཐུན་ཚོ་ཆུང་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བརྒྱབ་ནས་བཏོན་ཏེ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྲིད་སྐྱོང་ལུགས་བཅས་ཀྱི་ཉམས་མྱོང་ཐད་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ཚོགས་རར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། 

ཏི་སྨི་ཐེ་ལི་ཝུ་ཡིས་བསྟན་དོན།  སའེ་ཀྲུང་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50སོང་རིང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་ཀུན་དུ་ཕན་ཚུན་ལ་བརྩི་འཇོག་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཡག་པོ་བྱུང་ནས། སེ་ཀྲུང་མཛའ་མཐུན་མི་སེམས་སུ་ཟུག་ཡོད། སེ་ཕུའུ་རུ་སི་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་རྒྱུ་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས། ཀྲུང་གོ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། སེ་ཕུའུ་རུ་སི་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་སྔར་བས་ཆེ་བ་འདོན་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།