ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད།

ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།

ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དོ་དམ་འཐུས་ཚང་ལ་བཀོད་སྒྲིག་དང་། མ་དངུལ་བེད་སྤྱོད་ཇེ་ལེགས་དང་མ་དངུལ་ལྟ་སྐུལ་དོ་དམ་ཇེ་ནན་དུ་གཏོང་བ། 

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་ཐབས་གཏན་འཁེལ་བྱས་ཏེ་མང་ཚོགས་ཀྱིས་ཉེ་གམ་དུ་ནད་བརྟག་སྨན་བཅོས་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དོ་དམ་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་དང་། མ་དངུལ་བེད་སྤྱོད་ཇེ་ལེགས་དང་མ་དངུལ་གྱི་ལྟ་སྐུལ་དོ་དམ་ཇེ་ནན་དུ་གཏོང་བ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བྱ་ཐབས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མང་ཚོགས་ཀྱིས་ཉེ་གམ་དུ་ནད་བརྟག་སྨན་བཅོས་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་རྒྱུ་རེད། 

ཚོགས་འདུས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། ས་གནས་ཀྱི་བུ་ལོན་དོ་དམ་ལ་ཕན་འབྲས་བཟང་པོ་ཐོན་ཞིང་། མངོན་མེད་བུ་ལོན་ཇེ་ཉུང་དུ་ཕྱིན་ལ། སྲིད་གཞུང་གི་སྤྱིའི་འཇའ་ཤིང་ཚད་གཞི་བརྟན་བརླིང་ངང་མར་ཆག་ཡོད། ད་ལོ་ནས་བཟུང་། ས་གནས་སོ་སོས་རྒྱལ་ཡོངས་དམངས་ཆེན་གྱི་ཆོག་མཆན་ཐོབ་པའི་གསར་འཕར་གྲངས་འབོར་གཞིར་བཟུང་ནས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་ལུགས་མཐུན་འགྲེམས་སྤེལ་དང་བེད་སྤྱོད་བཏང་ནས། གཙོ་གནད་རྣམ་གྲངས་དང་དམངས་འཚོའི་བཟོ་འགོད་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཚོགས་འདུས་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་གསར་པའི་མདུན་དུ། དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་མུ་མཐུད་དུ་ཡག་པོར་སྒྲུབ་པ་དང་། ཉེན་ཁ་འགོག་སེལ་བྱེད་པའི་ཆབས་ཅིག ད་ལོ་དང་ཕྱི་ལོའི་ཆེད་དོན་བུ་ལོན་དོ་དམ་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱས་ནས། ཆེད་དོན་དངུལ་བུན་གྱི་མ་དངུལ་གྱིས་སྤྱི་ཚོགས་ཀྱི་མ་དངུལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ལྡན་མ་འཇོག་རྒྱ་ཆེར་བཏང་ནས་ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

གཅིག་ནས་ད་ལོའི་འབོར་གྲངས་ལྷག་མ་མགྱོགས་མྱུར་ངང་འགྲེམས་སྤེལ་བྱས་ཤིང་། མ་དངུལ་གཏོང་སྤྲོད་དང་གཏོང་སྤྲོད་དོ་དམ་ཡག་པོ་བྱས་ཏེ། སང་ལོའི་ལོ་འགོར་དངོས་རྫས་ཀྱི་ལས་འབོར་དེ་བས་མང་པོ་ཡོང་བར་བརྩོན་ལེན་བྱེད་དགོས། གཉིས་ནས“མ་དངུལ་རྣམ་གྲངས་ཀྱི་རྗེས་སུ་འབྲང་བའི”བླང་བྱ་གཞིར་བཟུང་། སང་ལོའི་ཆེད་དོན་དངུལ་བུན་རྣམ་གྲངས་དང་མ་དངུལ་གྱི་དགོས་མཁོ་གསེད་དཀྲོལ་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སྤྱི་འདོམས་ལ་ཤུགས་བསྣན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྣམ་གྲངས་ཀྱི་དུས་མགོའི་ལས་དོན་དང་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་སྟེ། གནད་སྨིན་འཐུས་ཚང་གི་རྣམ་གྲངས་ཀྱི་ལས་འགོ་འཛུགས་པར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། གསུམ་ནས་ས་གནས་སོ་སོའི་དོན་དངོས་ལ་སྤྱི་འདོམས་བསམ་གཞིག་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱར་གཞིགས་ནས། སང་ལོའི་ཆེད་དོན་དངུལ་བུན་གྱི་གྲངས་འབོར་དང་བགོ་འགྲེམས་ཀྱི་ཇུས་གཞི་ལུགས་མཐུན་ངང་འདོན་པ་དང་། གཙོ་གནད་ཁྱབ་ཁོངས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།  བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གོ་རིམ་བཞིན་སྔ་སྣུར་སྒོས་འབོར་གྲངས་ཆ་ཤས་གཤམ་སྤྲོད་བྱ་རྒྱུར་ཞིབ་འཇུག་བྱེད་དགོས། བཞི་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་དངོས་ལ་སྣང་ཆེན་བྱས་ཏེ། མ་དངུལ་གཏོང་ཕྱོགས་སོགས་ཀྱི་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། མ་དངུལ་དེ་ཚོགས་ཁང་དང་། སྣེ་ལེན་ཁང་། སྣང་བརྙན་བཟོ་འགོད་དང་དེ་མིན་དགོས་མེད་མཛེས་བཟོའི་ལས་གྲྭ་སོགས་ལ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས། མ་དངུལ་འཐེན་སྤྱོད་གཞན་སྤྱོད་དང་། སྒྲིག་འགལ་གཏོང་སྤྲོད། ཡུན་རིང་བེད་མེད་དུ་འཇོག་པ་བཅས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཚོགས་འདུས་ནན་གྱིས་བསྟན་དོན། ཆེད་དོན་བུན་འཛིན་མ་དངུལ་རྩིས་བཤེར་ལྟ་སྐུལ་དང་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གནད་དོན་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་དག་ཐེར་དང་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས་པ་མ་ཟད། བེད་མེད་མ་དངུལ་ཚུར་ལེན་དང་། གསར་འཕར་བཅད་གྲངས་འཐེན་འཕྲི། ལྡོག་ཕྱོགས་ཀྱི་དཔེ་མཚོན་བརྡ་ཁྱབ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆད་པ་གཅོད་དགོས། 

ཚོགས་འདུས་བསྟན་དོན། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པར་སྐུལ་འདེད་གཏོང་བ་ནི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་གནད་དོན་སྒྱུར་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ལྷག་པར་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འོག ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་ལས་ཀ་བྱེད་པ་དང་། གནས་སྡོད་བྱེད་པའི་མང་ཚོགས་ཀྱིས་སྨན་བཅོས་དང་སྨན་རིན་རྩིས་ཞུ་བྱེད་པར་སྟབས་བདེ་བསྐྲུན་ཡོད། ད་ལོའི་ཟླ་སྔོན་མ་བཅུ་ཡི་ནང་། རྒྱལ་ཡོངས་ཀྱི་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་འགྲོ་གྲོན་དེ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་བརྒྱབ་པའི་མི་ཐེངས་ཁྲི1000ལྷག་ཟིན་ཡོད། རྗེས་མར་དམངས་ཕན་བཅོས་སྒྱུར་གྱི་གྲུབ་འབྲས་རྒྱ་ཆེར་བཏང་ནས། དོན་དངོས་དང་བསྟུན་ཏེ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུར་སྔར་བས་སྟབས་བདེ་དང་སྔར་བས་ནུས་ཆེ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། 

གཅིག་ནས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས། འགྲོ་ལུགས་སྟབས་བདེར་བཏང་སྟེ་འགན་བཅོལ་མཁན་གྱིས་ས་ཆ་གཞན་དུ་ཐོ་འགོད་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་། སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་ཚད་བརྟན་བརླིང་ངང་མཐོ་རུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་མཇུག་ཏུ70%ཡན་ལ་སླེབས་པར་བརྩོན་ལེན་བྱེད་དགོས། གཉིས་ནས་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྒྱག་པའི་ས་ཁུལ་ཁྱབ་རྒྱ་ཆེ་རུ་བཏང་ནས། སང་ལོར་རྒྱལ་ཡོངས་ཀྱི་རྫོང་ཚང་མར་ཉུང་མཐར་ཡང་དྲ་སྦྲེལ་གྱི་གནས་གཏན་སྨན་བཅོས་སྒྲིག་གཞི་གཅིག་ཤར་གཏོང་ཐུབ་པ་བྱས་ཏེ། སྒོ་བསྟེན་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ནས་ཐད་ཀར་རྩིས་རྒྱག་ཐུབ་དགོས། གསུམ་ནས་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུའི་ནད། ཚབས་ཆེའི་སྐྲན་ནད་ཀྱི་སྒོ་བསྟེན་རྫས་བཅོས་དང་འཕྲོ་འགྱེད་བཅོས་ཐབས།  གཅིན་དུག་ནད་བཙག་བཅོས། དབང་པོ་སྤོས་བཅོས་གཤགས་བཅོས་རྗེས་ཀྱི་གཞན་འབུད་འགོག་བཅོས་སོགས་སྒོ་བསྟེན་གྱི་དལ་དམིགས་ནད་རིགས5ཡི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས། སང་ལོའི་ལོ་མཇུག་སྔོན་དུ་གཅིག་གྱུར་འཆར་འགོད་ས་ཁུལ་ཚང་མར་ཁྱབ་པར་བྱེད་དགོས། བཞི་ནས་གང་མགྱོགས་ངང་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་བསྐྲུན་ཏེ། ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་སྒྲིག་སྲོལ་དང་བརྒྱུད་རིམ་གཅིག་གྱུར་ཡོང་བ་བྱས་ཏེ། སྡེ་ཁག་བར་གྱི་གྲངས་གཞི་མཉམ་སྤྱོད་དང་ས་ཁོངས་བརྒལ་བའི་ལས་སྒོ་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས། སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་བྱེད་པར་དྲ་ཐོག་དང་ཡུལ་དངོས་གཉིས་ཀར་ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་པ་བྱེད་དགོས། ལྔ་ནས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། སྨན་བཅོས་འགན་བཅོལ་གྱིས་མགོ་སྐོར་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་མ་དངུལ་ལམ་མི་དམངས་མང་ཚོགས་ཀྱི“སྲོག་སྐྱོབ་དངུལ”འདི་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

 ཚོགས་འདུས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།