ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་འཁུར་བ་གཙོ་བོའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲང་ཧའེ་རུ་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་འཁུར་བ་གཙོ་བོའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་སྟེ། དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་སྒྲུབ་པར་ཞིབ་འཇུག་བྱས། 

 པར་འདི་ནི་ཟླ11པའི་ཚེས22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲང་ཧའེ་རུ་ས་གནས་སྲིད་གཞུང་ཁག་ཅིག་གི་འགན་འཁུར་བ་གཙོ་བོའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བཞིན་པའི་རྣམ་པ་རེད། 

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཆང་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲེང་། ཅི་ལིན་ཞིང་ཆེན་གྱི་ཧྲིན་ཀྲང་ཧན་ཅུན། ཧུའུ་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཀྲུང་ལིན། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མཱ་ཞིང་རུའེ། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཧྲིན་ཀྲང་ལི་པིང་ཅུན་བཅས་ཀྱིས་གཏམ་བཤད་གནང་། ལི་ཁེ་ཆང་གིས་ད་དུང་ཅང་སུའུ་དང་ཀྲེ་ཅང་། ཨན་ཧུའེ། ཧུའུ་ནན། ཡུན་ནན་སོགས་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་དང་མཉམ་དུ་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་ལ་བརྙན་ལམ་ནས་བསམ་བློ་བརྗེ་རེས་བྱས། 

ལི་ཁེ་ཆང་གིས་ད་ལོའི་ཚུན་དུ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་གསར་བ་མཉམ་འདྲེས་གཏིང་ཟབ་བྱུང་ནས་སྔོན་དཔག་ལས་བརྒལ་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་མཉམ་དུ་ལག་བསྟར་བྱས་ཤིང་། འབོར་ཆེའི་ཚོང་ཟོག་གི་རིན་གོང་འཕར་བ་དང་། གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་དཀའ་བ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་སོགས་དཔལ་འབྱོར་འཁོར་སྐྱོད་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་འབུར་ཐོན་ལ་ཁ་གཏད་ནུས་ལྡན་བྱས་ཏེ། འགག་སྒྲོལ་དཀའ་སེལ་ཁྲོད་དཔལ་འབྱོར་མུ་མཐུད་དུ་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཁྲོད་བརྟན་ལྷིང་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་ཉམས་རྒུད་འགྲོ་བའི་གནོན་ཤུགས་གསར་བ་འཕྲད་པར། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དགོས་པ་མ་ཟད། དཀའ་ངལ་སྔོན་དཔག་གི་ནུས་པ་སྔར་བས་ཆེ་བར་བཏང་ནས། བྱེད་ཐབས་སྔར་བས་འཐུས་ཚང་དང་ནུས་ལྡན་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་བ་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་ལྟར། “བརྟན་བརླིང་དྲུག”དང“འགན་ལེན་དྲུག”སྟེ་ལྷག་པར་དུ་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བདག་གཉེར་བར་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་དགོས། ལོ་མཇུག་དང་ལོ་མགོར་འཆར་འགོད་བྱས་པའི་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ནུས་ཁུངས་དང་གློག་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་སྤེལ་གཏོང་བ་དང་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་ཏེ། ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་དགོས། དཔལ་འབྱོར་འདི་ཉིད་ཀྱག་ཀྱོག་ཁྲོད་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།

ལི་ཁེ་ཆང་གིས་མིག་སྔར་རང་རྒྱལ་གྱི་ཁྲོམ་རའི་བདག་གཉེར་བའི་དུད་ཚང་དུང་ཕྱུར1.5ལས་བརྒལ་ཡོད། ལག་ལེན་ཁྲོད་ཁྲོམ་རའི་བདག་གཉེར་བ་མང་བ་དང་འཕེལ་རྒྱས་ལེགས་པའི་ས་གནས་སུ་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་ར་སྤྲོད་བྱས་ཡོད། ས་གནས་སོ་སོས་ཁྲོམ་རའི་བདག་གཉེར་བ་སྟེ་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་དག་སྲིད་ཇུས་ཀྱི་ཤུགས་རྒྱག་སར་བརྩིས་ནས། རྒྱལ་ཁབ་ཀྱི་ཁྲལ་འཕྲི་ཡོན་གཅོག་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་བརླིང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཤིང་། བྱ་ཐབས་སྤྱད་དེ་ཁེ་ལས་ཆུང་འབྲིང་གིས་བསྡུ་དགོས་པའི་རྩིས་ཐོ་གཙང་སེལ་བྱེད་པ་དང་། ཁྲོམ་རའི་བདག་གཉེར་བའི་མ་གནས་ཇེ་དམའ་རུ་གཏོང་རོགས་དང་དཀའ་གནད་སེལ་རོགས་བྱེད་དགོས། རྒྱལ་ཁབ་ཀྱིས་ཚོགས་སྒྲིག་རྣམ་པའི་ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་ཞིབ་འཇུག་བྱས་ནས་གཞི་ཁྱོན་ཅན་དུ་ཆགས་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་ཁྲོམ་རའི་བདག་གཉེར་བའི་གསོན་ཤུགས་འཕེལ་བར་བྱས་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རའི་བདག་གཉེར་བའི་འཚོ་གནས་དང་འཕེལ་རྒྱས་ཁོར་ཡུག་བཟང་པོ་བསྐྲུན་ཏེ། དཔལ་འབྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་བྱེད་སྐབས། ངེས་པར་དུ་དོན་དངོས་ལ་གཞིགས་ནས་དངོས་ཐོག་བདེན་འཚོལ་བྱ་དགོས་པ་ལས། འགུལ་སྐྱོད་ཅན་དང་ཧམ་མཆོང་ཅན། གཅིག་དཔེ་བརྒྱ་འགེབས་བཅས་ཀྱི་བྱེད་ཐབས་མི་སྤྱོད་པ་བྱེད་དགོས། སྲིད་གཞུང་གིས་འཚོ་བ་དམ་པོ་སྐྱེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནོར་ཤུགས་ཕྱོགས་བསྡུས་བྱས་ནས་ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། གཞི་རྩའི་དམངས་འཚོ་དང་གཞི་རིམ་གྱི་འཁོར་སྐྱོད་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱིས་ས་གནས་ཀྱི་གཏོང་སྤྲོད་སྤོ་སྒྱུར་ཐད་ཀར་གཞི་རིམ་དུ་ཐོན་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཀྱང་རྫོང་རིམ་པ་མན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན།

ལི་ཁེ་ཆང་གིས་དཔལ་འབྱོར་ཆག་པའི་གནོན་ཤུགས་འདེགས་པར་བཅོས་སྒྱུར་སྒོ་འབྱེད་ལ་མཐོང་ཆེན་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས། ཁྲོམ་རའི་བདག་གཉེར་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་སེལ་བར་དམིགས་ནས། གནད་འཁེལ་ཤུགས་འདོན་དང“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཚད་བརྒལ་གསར་བ་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་རིས་མེད་པ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གྲུབ་ནས། རིགས་སོ་སོའི་ཁྲོམ་རའི་བདག་གཉེར་བའི་གསོན་ཤུགས་འཕེལ་བར་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། RCEPལག་བསྟར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་སྔར་ལས་ལེགས་པའི་སྒོ་ནས་འགུག་པ། རྒྱལ་སྤྱིའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་འདྲེས་གཏིབ་བ་དང་བརྟན་བརླིང་ཡོང་དགོས་པ་ནན་གྱིས་བསྟན།   

 ལི་ཁེ་ཆང་གིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་སོགས་ཀྱི་ལས་དོན་ལེགས་པོ་སྒྲུབ་དགོས་ཤིང་། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས། མང་ཚོགས་ཀྱིས་དྲོད་ཁོལ་ངང་དགུན་སྐྱེལ་པར་ཁག་ཐེག་བྱས་ནས། རིམས་ནད་དང་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ཚོགས་སྤྱིའི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་ཞེས་བཤད། 

 ཞོ་ཅེ་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།