ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གིས་ཟླ9པའི་ཚེས10ཉིན་ཀྲུང་ནན་ཧེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུསས་ནས། ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་ཐད་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ང་ཚོའི་ཏང་གིས་མུ་མཐུད་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་པས། ང་ཚོའི་ཏང་གིས་ལོ་བརྒྱའི་འཕེལ་རིམ་ཁྲོད་དུ་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། གནས་བབ་ཧྲིལ་པོ་དམ་འཛིན་བྱས་པ། གནས་བབ་གསར་པ་བཏོད་པ་བཅས་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། ང་ཚོའི་ཏང་གིས་ལོ་བརྒྱའི་འཕེལ་རིམ་ཁྲོད་དུ་རང་རྒྱལ་གྱི་གསར་བརྗེའི་བགྲོད་ལམ་དང་། འཛུགས་བསྐྲུན་བགྲོད་ལམ། བཅོས་སྒྱུར་བགྲོད་ལམ་བཅས་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ། ང་ཚོའི་ཏང་གིས་ལོ་བརྒྱའི་འཕེལ་རིམ་ཁྲོད་དུ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ། ང་ཚོའི་ཏང་གིས་ལོ་བརྒྱའི་འཕེལ་རིམ་ཁྲོད་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ། ང་ཚོའི་ཏང་གིས་ལོ་བརྒྱའི་འཕེལ་རིམ་ཁྲོད་དུ་རང་ངོས་གསར་བརྗེ་བྱས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བཅས་བྱས་ཏེ། ཏང་ཡོངས་སུ་གསར་པ་གསར་རྐྱང་གི་བསམ་པའི་ཉམས་སྣང་དང་། སྔ་ན་མེད་པའི་མཐུན་སྒྲིལ་གཅིག་གྱུར། ཚད་མཐོའི་ཆབ་སྲིད་རང་རྟོགས་བཅས་ཆགས་པར་བྱས་ནས། ཏང་དང་རྒྱལ་ཁབ་དར་ཞིང་རྒྱས་པ་དང་། ཡུན་སྐྱོང་བདེ་འགོད་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མི་ཀྲིག་ཀོང་ཆོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོ་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཐད་ཀྱི་གྲོས་ཆོད་མ་ཟིན་ལ་ཡོངས་སུ་མོས་མཐུན་བྱུང་བ་དང་། ཚང་མས་དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་དམ་འཛིན་བྱེད་མཁས་པ་དང་། ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་མཁས་པའི་རང་རྟོགས་ལྡན་པ་ལེགས་པར་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འཐབ་ལམ་གསར་པའི་སྟེང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། དགའ་སྐྱིད་ཀྱི་མ་འོངས་པ་གསར་དུ་གཏོད་པའི་བློ་རྩ་བརྟན་པོ་དང་ལོ་རྒྱུས་ཀྱི་ཁག་ཁུར་མཚོན་ཡོད་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པར་འདོད།

གཏམ་བཤད་གནང་སྐབས། ཚང་མས་ད་དུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་གྲུབ་འབྲས་རླབས་ཆེན་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཏམ་རྒྱུད་དང་། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་གཏམ་རྒྱུད། ཀྲུང་གོ་གུང་ཁྲན་ཏང་གིས་གསར་དུ་བཏོད་པའི་ཀྲུང་གོའི་རྣམ་པའི་དམངས་གཙོའི་གཏམ་རྒྱུད་བཅས་ཡག་པོར་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་དང་། གྲོང་གསེབ་ཀྱི་ལས་དོན་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མཐོང་ཆེན་བྱས་པའི་ཉམས་མྱོང་། རྒྱལ་ཁབ་ཧྲིལ་པོའི་སྒྲིག་སྲོལ་གྱི་བཟང་ཆར་མཐོང་ཆེན་བྱས་པའི་ཉམས་མྱོང་བཅས་སྤྱི་སྡོམ་ཟབ་མོ་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་སྙིང་སྟོབས་དང་། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་གཏོང་བའི་ལུགས་སྲོལ་མུ་མཐུད་དར་སྤེལ་ཆེན་པོ་གཏོང་རྒྱུ། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླའི་དམིགས་བསལ་ནུས་པར་མཐོང་ཆེན་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་སེམས་པ་གཅིག་ཏུ་འདྲེས་པར་བྱས་ཏེ། མེས་རྒྱལ་ཞི་བས་གཅིག་གྱུར་ཐད་འཛིན་པའི་ངོས་ཟིན་ཇེ་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་སྔར་ལས་ལྷག་པར་འདོན་པ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོས་ཆོད་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་ནན་གྱིས་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་གཏན་འབེབས་བྱེད་པའི་ཐད་ཀྱི་བསམ་གཞིག་དང་ཡིག་ཆའི་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གུང་ཀྲུང་དབྱང་གིས་བལྟས་ན། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ཚེ། ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་ཆེར་སྐྱེད། མ་འོངས་གསར་གཏོད་བཅས་བྱེད་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་། ལོ་རྒྱུས་ཀྱི་རང་རྟོགས་ལ་ཤུགས་སྣོན། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱེད་པ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པར་འདོད་པས། ཀྲུང་གུང་ཀྲུང་དབྱང་གིས་ཆེད་དུ་ཚང་འཛོམས་གྲོས་ཚོགས་ཤིག་བསྡུས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཟླ4པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ནས་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞིའི་ཐད་བཏོན་པའི་བསམ་འཆར་བསྡུ་ལེན་བྱེད་དུ་བཅུག་པ་ཡིན། བློ་མཐུན་ཚོས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་ཧ་ཅང་མང་པོ་བཏོན་ནས་གྲོས་ཆོད་མ་ཟིན་འབྲི་བར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། དེ་རིང་ཡང་ཚང་མས་གཏམ་བཤད་སྤེལ་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་པའི་གནད་དོན་གལ་ཆེན་ཐད་ལ་བསམ་འཆར་བཏོན་སོང་བས། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་དུ་བཏང་ལ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། ཕན་ཚུན་བློ་གཏོད། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ཏང་མང་མཉམ་ལས་བྱེད་ཕྱོགས་རིམ་བཞིན་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་དང་སྲིད་ཏང་ལམ་ལུགས་གསར་པ་གོང་འཕེལ་བཏང་། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་ནུས་པ་ཧུར་ཐག་གིས་འདོན་པ་དང་རྒྱུན་མ་ཆད་པར་ཡང་རྒྱས་གོང་འཕེལ་ཡོང་བར་མགོ་ཁྲིད་དང་རོགས་རམ་བྱས། ལོ་རྒྱུས་ཀྱི་དོན་དངོས་ལས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ནང་དུ་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོས་ཕན་ཚུན་བློ་གཏོད་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་པའི་འབད་འཐབ་ཀྱི་ལོ་རྒྱུས་ཚུད་ཡོད་ལ། དམངས་གཙོ་ཏང་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་དང་ལས་དབང་གཅིག་འབྲེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་ར་སྤྲོད་བྱས་ཡོད།  ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་དམ་ཟབ་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། ཁྱོན་ཡོངས་ཀྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་མང་མཉམ་ལས་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་རྒྱུ་ནི་རེ་བ་ཡིན།

ཏེན་ཞུའེ་ཞང་དང་། ཝང་ཁྲིན། ལིའུ་ཧི། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲིན་ཞི། གོ་ཧྲིན་ཁུན། ཧོང་ཁུན་མེན། ཡིའུ་ཆོན། ཞའོ་ཅེ། ཀྲང་ཆིན་ལིས། ཧི་ལིས་ཧྥེང་བཅས་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཁྲིན་ཞའོ་ཀོང་དང་། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་དང་ཅང་ཙོ་ཅུན། ལིས་ཡུའེ་ཧྥེང་། ཞེ་ཅིན་རུང་། ཝུའུ་ཞང་ཕིང་སོགས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།