ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་པཱ་ཧྲ་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། སི་རི་ཡ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨ་རབ་རྒྱལ་ཁབ་ཀྱི་གྲས་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཁྲིམས་མཐུན་གོ་གནས་སླར་གསོ་བྱེད་པའི་གྲོས་གཞི་བཏོན་པའི་རྒྱལ་ཁབ་ཀྱི་གྲས་ཀྱང་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་རིང་ལ། ཀྲུང་གོ་དང་སི་རི་ཡའི་བར་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཅི་རིགས་ཐེག་ཐུབ་པ་བྱུང་བར་བརྟེན། རྒྱལ་ཁབ་གཉིས་ཀའི་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་རི་ཡའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་མཐོང་ཆེན་བྱས་ནས། སི་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སི་རི་ཡའི་བར་གྱི་མཛའ་མཐུན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་སི་རི་ཡའི་བསྐྱར་སྐྲུན་དང་སླར་གསོའི་ཐད་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། སི་རི་ཡ་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། དཔལ་ཡོན་མི་འདྲ་བའི་བར་གྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། སི་རི་ཡའི་ཉེན་ཁ་དང་འགྲན་སློང་ཅི་རིགས་སེལ་རོགས་བྱས་ནས། རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཁྲོད་དུ་རྒྱལ་ཁ་གསར་པ་ཐོབ་ངེས་པ་དང་། སི་རི་ཡའི་མི་དམངས་ཀྱིས་མཛེས་པའི་མ་འོངས་པ་བསྐྲུན་ངེས་པར་ཡིད་ཆེས་ཡོད།

པཱ་ཧྲ་ཨར་གྱིས་བསྟན་དོན། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱུང་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན་ལ། དེ་ནི་ཀྲུང་གོ་མི་དམངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན།  ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་སྲུང་སྐྱོབ་བྱེད་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། སི་རི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུར་ངོ་རྒོལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བཅས་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།  སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་ མཐོང་ཆེན་བླ་མེད་བྱས་ནས།  རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སི་རི་ཡའི་ཕྱོགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་འདུ་ཤེས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། སི་རི་ཡ་ཕྱོགས་ཀྱིས་ཞིན་ཅང་དང་། བོད་དང་འབྲེལ་བ་ཡོད་པ། ཞང་ཀང་དང་འབྲེལ་བ་ཡོད་པ། འགྲོ་བ་མིའི་ཐོབ་ཐང་། ཐའེ་ཝན་དང་འབྲེལ་བ་ཡོད་པ། རྒྱ་མཚོ་ལྷོ་མ་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།