ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྱི་དམངས་ཆེན་འཐུས་མིའི་འདེམ་བསྐོའི་འདེམ་ཤོག་འཕེན་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1636156662464972 (1).jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས5ཉིན་ནི་པེ་ཅིང་གྲོང་ཁྱེར་གྱི་གྲོང་ཁུལ་དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེ་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཉིན་མོ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཁར་ནུབ་ཁུལ་གྱི་ཀྲུང་ནན་ཧེ་ཧོད་རིན་ཐང་འདེམ་ཤོག་འཕེན་ས་ནས་དམངས་ཆེན་འཐུས་མིའི་འདེམ་བསྐོའི་འདེམ་ཤོག་འཕེན་པར་ཞུགས།

སྔ་དྲོའི་དུས་ཚོད10དང་སྐར་མ30སྟེང་། ཞི་ཅིན་ཕིང་ཧོད་རིན་ཐང་འདེམ་ཤོག་འཕེན་སར་ཕེབས་ནས། འདེམ་བསྐོའི་འབྲེལ་ཡོད་དོན་དག་གི་གསལ་བཤད་ལ་ཞིབ་ཏུ་གསན་པ་དང་། འདེམ་དམངས་དཔང་ཡིག་བླངས་ཏེ་ལས་དོན་པར་བསྟན་རྗེས་འདེམ་ཤོག་ཅིག་བླངས་ཏེ། འདེམ་ཤོག་འབྲི་ས་ནས་ནན་ཏན་གྱིས་འདེམ་ཤོག་བྲིས་རྗེས། འདེམ་ཤོག་འཕེན་སྒམ་གྱི་མདུན་དུ་ཕེབས་ནས་རང་གི་འདེམ་ཤོག་འཕངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་ཆེན་གྱི་འཐུས་མི་འདེམ་བསྐོ་བྱེད་པ་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྨང་གཞི་ཡིན་ལ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་རྟགས་གལ་ཆེན་ཡིན་པས། དམངས་གཙོའི་འདེམ་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་གོ་རིམ་སོ་སོ་སྦྲེལ་མཐུད་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་མ་ཆད་པར་གོང་དུ་སྤེལ་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་སྔར་ལས་བཟང་པོ་བྱེད་དགོས། འདེམ་བསྐོའི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། འདེམ་བསྐོའི་ཁྲོད་ཀྱི་གོམས་སྲོལ་ངན་པ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ། འདེམ་བསྐོའི་སྤྱོད་ཚུལ་བཟང་བ་དང་འདེམ་བསྐོའི་མཇུག་འབྲས་ལ་མི་དམངས་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས།

ཉིན་དེའི་སྔ་དྲོར། ལིས་ཁི་ཆང་གིས་མཁར་ནུབ་ཁུལ་ཝུན་ཅིན་ལམ་འདེམ་ཁུལ་གྱི་ཙི་ཀོང་ཀི་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས་པ་དང་། ལིས་ཀྲན་ཧྲུའུ་ཡིས་མཁར་ནུབ་ཁུལ་ཀྲུང་ནན་ཧེ་འདེམ་ཁུལ་གྱི་མི་དམངས་ཚོགས་ཁང་ཆེན་མོའི་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས། ཝང་དབྱང་གིས་མཁར་ནུབ་ཁུལ་དངུལ་རྩ་ལམ་གྱི་འདེམ་ཁུལ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས། ཝང་ཧུའུ་ཉིང་གིས་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས། ཀྲའོ་ལི་ཅི་ཡིས་མཁར་ནུབ་ཁུལ་ཏ་ཅའོ་འདེམ་ཁུལ་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས། ཧན་ཀྲིན་གྱིས་ཝུན་ཅིན་ལམ་འདེམ་ཁུལ་གྱི་ཙི་ཀོང་ཀི་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས། ཝང་ཆི་ཧྲན་གྱིས་ལས་དོན་པར་མངགས་བཅོལ་བྱས་ཏེ་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས།

ཅང་ཙེ་མེན་དང་ཧུའུ་ཅིན་ཐའོ་གཉིས་ཀྱིས་སོ་སོར་ལས་དོན་པར་མངགས་བཅོལ་བྱས་ཏེ་ཀྲུང་ནན་ཧེ་འདེམ་ཁུལ་གྱི་ཧོད་རིན་ཐང་འདེམ་ཤོག་འཕེན་ས་ནས་འདེམ་ཤོག་འཕངས།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་མགོ་ཁྲིད་ཀྱི་ལས་གནས་ལས་བབས་པའི་བློ་མཐུན་གྱིས་རང་སོ་སོའི་འདེམ་ཁུལ་ནས་འདེམ་ཤོག་འཕངས་པ་དང་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ཏེ་འདེམ་ཤོག་འཕངས།

ཚེས་ལྔ་ཉིན་པེ་ཅིང་གྲོང་ཁྱེར་དུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་ཞེ་བརྒྱད་བཙུགས་པ་དང་། འདེམ་བསྐོ་བརྒྱུད་ནས་སྐབས་གསར་པའི་མཁར་ཁུལ་གྱི་དམངས་ཆེན་འཐུས་མི་སྟོང་བཞི་བརྒྱད་བརྒྱ་གོ་བརྒྱད་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཐུས་མི་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་སོ་བདུན་གདམ་རྒྱུ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།